དམུ་ཞག་ཅེས་པའི་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཟྭ་བྷོ་ལོ།
དྲི་བ། སྨོན་ལམ་ཚིག་མཛོད་ལས། དམུ་ཞག ཅེས་པ། བོན་གྱི་བརྡ་ཆད། མཁའ་ལྡིང་གི་མིང་། ཞེས་གསལ། ༡) དམུ་ཞག་ཅེས་པའི་གོ་དོན་གང་། ༢) དེ་དང་གཡང་གི་བར་ལ་ཁྱད་པར་གང་། ༣) ཚིག་འདི་བོན་ཐེག་པ་རིམ་དགུ་དང་སྒོ་བཞི་མཛོད་ལྔ་གང་གི་བརྡ་ཆད་ཡིན།
ལན། སྨོན་ལམ་ཚིག་མཛོད་ཀྱི་བོན་གྱི་ཐ་སྙད་རྩོམ་སྒྲིག་གནང་མཁན་བོན་ཕྱོགས་རང་ནས་ཡོད་རྩང་། རང་རེའི་དཔེ་ཆ་ནང་དེ་ལྟར་གསལ་ཡོད་རྒྱུ་རེད། གུས་པས་ནི་དམུ་ཞག་ཅེས་པ་གཡང་གི་དོན་ལས་མཁའ་ལྡིང་ལ་གོ་བ་ད་བར་མ་མཇལ། དེའང་གཡང་གི་དོན་ལ་འཇུག་པ་ནི་བོན་གྱི་བརྡ་སྤྲོད་རིན་ཆེན་གཏེར་ཁྱིམ་ལས། “ དམུ་ཞགས་གཡང་མིང་དམུ་ཡད་དངོས་གྲུབ་དང་། །” ཞེས་དམུ་ཞགས་སམ་དམུ་ཞག་ནི་གཡང་གི་མིང་ཡིན་པར་གསུངས་པ་དང་།
དེ་དང་འདྲ་བར་(མན་ངག་གནད་ཀྱི་རྫོང་འཕྲང་) ལས། “ ཕྱ་ཚེ་སྐྱབས་པ་དང་གཡང་བཀུག་པ་དང་། ཚེ་སྒྲུབ་པ་དང་ལོངས་སྤྱོད་དམུ་ཞག་བཀུག་པར་བྱའོ། །” ཞེས་དང་།
ད་དུང་མིང་དང་འབྲེལ་བའི་དམུག་ཞག་གཡང་གི་མཆོད་རྟེན་ཡང་ཡོད་འདུག་སྟེ། (མདོ་ལས) ལས། “ ལྷོ་ནུབ་ཕྱྭ་གཡང་ཚོགས་སྐྱོང་བའི། །དམུ་ཞགས་འཁྱིལ་མོ་མཆོད་པའི་རྟེན། །གཞི་རྨེང་ཁྲི་གདན་རི་རབ་ལོགས། །དམུ་ཞགས་འཁོར་མོའི་ཚུལ་དུ་འཁོར། །དེ་སྟེང་རྟ་བབ་བུམ་པ་ཏོག །ཕྱྭ་གཡང་སྐྱོང་བའི་ཚུལ་དུ་བཞེངས། །” ཞེས་སོགས་གསུངས།
སྤྱིར་བཏང་དམུ་ཞག་འཁྱིལ་བ་ཞེས་པ་དབྱིབས་ལ་འགྲེལ་ཚེ་ཟླུམ་པོར་འཁྱིལ་བ་ལྟ་བུར་འགྲེལ་ཡོད་པ་ནི། མཁས་དབང་མཁར་ནག་ཚང་གིས་རྩ་འགྲེལ་ལས་ལུང་དྲངས་པ་སྟེ། “འཛམ་བུ་གླིང་གི་དབུས་གངས་ཏི་སེ། ལུས་འཕགས་པའི་དབུས་མཚོ་ཉི་མའི་དམུ་ཞག སྒྲ་མི་སྙན་གྱི་དབུས་ཤིང་ཆེན་ཨ་ཀར། བ་གླང་སྤྱོད་ཀྱི་དབུས་བྲག་ཟླ་བ་གླིང་མགོ། །” ཞེས་འཁྱིལ་མཚོ་ལྟ་བུར་མིང་འདོགས་པ་ཡོད་པར་སྣང་།
འདིར་དམུ་ཞག་ཕྱ་གཡང་གི་ཆོ་ག་སྒྲུབ་སྟངས་འདི་ཉིད་གཙོ་ལྷོ་གཏེར་ཐེག་དགུ་ལས་སྣང་གཤེན་ཐེག་པའི་ཁོངས་སུ་གཏོགས་པ་ཡིན་འདུག་སྟེ། སྐྱབས་སྟོན་ཁྲོ་འགྲེལ་ལས། “ སྣང་གཤེན་ནི་ཚེ་གཡང་མཆོག་ལྡན་ཡིན་པས་མཐུན་ཟླ་སྟེ། གྲོང་གི་ལྷ་བོན་ཞེས་བྱ་སྟེ་ཡར་ལ་ཡུལ་ལྷ་དང་གཞི་བདག་ལ་གཏང་རག་གིས་ཡོན་འབུལ་བ་དང་། མར་ལ་ལན་ཆགས་ཀྱི་བགེགས་རིགས་ལ་འདོད་པས་གླུད་གཏོར་གཏོང་བ་དང་། ཚུར་ལ་དམུ་ཞག་དགུ་སྐོར་གྱིས་གཡང་ལེན་པ་དང་། །” ཞེས་གསལ།
ཡང་དེ་ཉིད་ལས། “ དགུ་པ་ལ་དམུ་ཞག་འཁོར་མོ་དང་གཡུང་དྲུང་ཟིལ་ཐིག་གི་ཕྱ་བྱ་ཞེས་པ། རྒྱུད་ལས་ཕྱ་ནི་དམུ་ཞག་འཁོར་མོ་བདུད་རྩི་ཟིལ་ཐིག་གཡང་ལེན་ནོ། །ཞེས་པ་འགྲེལ་ལས། དམུ་ཞག་འཁོར་མོ་གཤེན་གྱི་ཕྱ་བྱའོ། །ཞེས་དང་།” ཞེས་སོགས་གསུངས།
དེ་བཞིན་དམུ་ཞག་གི་རྒྱུད་དང་སྒྲུབ་སྐོར་ཡང་ཡོད་པར་སྣང་སྟེ། ཁྲོ་འགྲེལ་ལས། “ གཞན་རྒྱུད་ཀྱི་དམུ་ཐམས་ཅད་དབང་དུ་བསྡུད་ཅིང་དམུ་གབ་དང་འོན་འཐིབས་ཞི་བའི་ཕྱིར་དང་། རང་རྒྱུད་ལས་དམུ་ཞག་འཁོར་མོ་སྡེ་དགུ་སྐོར་གྱི་ཕྱྭ་དང་བདུད་རྩི་ཟིལ་ཐིག་གི་ཕྱྭ་གཡང་སྒྲུབ་པའི་ཕྱིར། འཐིབས་པ་དམུའི་ཡུལ་རྨ་གཡང་ཡོད་པའི་རིའམ་དམུ་རི་ཟེར་ཐང་སྨུག་ལ་འགྲིམས་པ་གཡང་གི་རི་སྟེ་དམུ་ཞག་ལྟར་དགུ་མཚོ་དགུས་སྐོར་བ།” ཞེས་སོགས་གསུང་པར་བརྟག་ན་ ‘དམུ་ཞག་ལྟར་’ ཞེས་གཞི་དཔེ་ཁུངས་ཞིག་ལ་བཅོལ་འདུག་པར་སྣང་ངོ་། །
དམུ་ཞག་དང་གཡང་གི་བར་ཁྱད་པར་ནི། དམུ་ཞག་དེ་ཉིད་ཕྱ་གཡང་སྒྲུབ་པའི་ཆོ་ག་བྱེ་བྲག་པ་ཞིག་དང་། གཡང་ཡིན་ན་དམུ་ཞག་ཡིན་དགོས་པའི་ངེས་པ་ནི་ཡོད་རྒྱུ་མ་རེད་སྙམ། ཐེག་པ་ནི་གོང་ཞུས་སྣང་གཤེན་ཐེག་པའི་ཁོངས་སུ་རེད་འདུག་གོ། །