དབྱིངས་ནས་སྐུ་བསྐྱེད་ཀློང་དུ་ལྷ་མ་འདུས། སོགས་ཀྱི་སྐོར་ལ་དྲི་བ།
རྩོམ་བྲིས་པ། འཕྲུལ་གྱི་ཡིག་ཚང་སོགས། དྲི་བ་གཏོང་མཁན་མེ་སྟག་ཕྲ་མོ།
དྲི་བ། སྲིད་རྒྱལ་གཟེར་བུའི་བཤགས་པ་ལས། ། “དབྱིངས་ལ་སྐུ་བསྐྱེད་ཀློང་དུ་ལྷ་མ་འདུས། །” ཞེས་པ་དེར་གོ་བ་ཇི་ལྟར་ལེན་དགོས། ཡང་དེའི་སྤྱན་འདྲེན་ལས། ། “སེ་ཤ་ཀམ་ཤ་པྲ་ཤ་དང་། །དུ་དང་སཾ་དང་བོང་ངེ་དང་། །” ཞེས་པ་གང་དང་གང་ལ་ངོས་འཛིན་དགོས། ད་རུང་ལི་བོན་སྤུངས་རྒྱུང་མཐུ་ཆེན་སྐོར་ནས་ཤེས་རྟོགས་མཁན་ཡོད་ན་གསུང་རོགས་གནང་།
ལན། “དབྱིངས་ལ་སྐུ་བསྐྱེད་ཀློང་དུ་ལྷ་མ་འདུས།” ཞེས་པའི་ཚིག་དེ་ཁྲོ་བོ་དབང་ཆེན་དང་དབལ་གསས་ལས་རིམ་སོགས་དངོས་བསྐྱེད་པའི་སྒྲུབ་གཞུང་ཁག་ནས་འབྱུང་བཞིན་པ་ནི། རྩ་དམ་གཉིས་པ་ཡི་དམ་གྱི་དམ་ཚིག་སྟོན་པའི་གཞུང་ཚིག་རྣམ་དག་སྟེ་མ་རྒྱུད་བསྐང་བཤགས་ལས། “དབྱིངས་དགུར་སྐུ་བསྐྱེད་ཀློང་དུ་ལྷ་མ་འདུས། །ཡིད་བཞིན་ནོར་བུ་བཙལ་གཏོར་དམྱལ་བར་འགྲོ། །རྩ་དམ་གཉིས་པའི་ཉམས་འགལ་མཐོལ་ལོ་བཤགས།” །ཞེས་དང་། དམ་ཚིག་ཐིག་ལེ་ལས། “གོང་བཞིན་གྱི་མཐར་བློན་པོའོ། །” ཞེས་གསུངས། དེས་ན་གསང་སྔགས་ཀྱི་རྩ་དམ་ལྔ་ལས་གཉིས་པ་ཡི་དམ་གྱི་དམ་ཚིག་དེ་ཡིན་ལ། དེ་ཡང་ “ཀློང་དུ་ལྷ་མ་འདུས” ཞེས་པས་ལྡོག་ཕྱོགས་ནས་བསྟན་པ་ཡིན་པས། དམ་ཚིག་ཐིག་ལེའི་འགྲེལ་ལས་ “ཡི་དམ་སྤོང་བ།” །ཞེས་གསུང་ཡོད་པས་སྤྱིར་ཡི་དམ་ལྷ་མི་སྒོམ་འཛབ་བསྙེན་མི་ཟློ་ཕྱག་རྒྱ་མི་བཅའ་བའམ། དེ་རྣམས་གང་ཁས་བླངས་པའི་དོན་ལས་འགལ་འཛོལ་བྱུང་བ་ལ་གོ་ཆོག སྐབས་དོན་ཚིག་དེར་གོ་བ་ཅི་འདྲ་ལེན་དགོས་ཞེས་པར། དེའི་དབྱིངས་དགུ་ནི། གཡུང་དྲུང་དབྱིངས་དགུ་ལ་གོ་ཞིང་། སེམས་ཉིད་ཀྱི་དབྱིངས་སུ་ལྷ་བསྐྱེད་པ་ལ་དབྱིངས་དགུར་སྐུ་བསྐྱེད། །ཞེས་དང་། ཀློང་དུ་ལྷ་མ་འདུས་ཞེས་པ་ནི། རིག་པའི་ཡེ་ཤེས་ཀྱིས་སྐོས་མ་ཐེབས་པ་ལ་ཟེར་རམ་སྙམ་པ་ནི་ཚིག་རིས་ཀྱི་གོ་བ་སྐབས་བབ་ཙམ་སྟེ། འགུ་ཡའི་དམ་ཚིག་བསྲུང་ཚུལ་བསྟན་པ་ལས། “རང་གི་ལུས་ངག་ཡིད་གསུམ་ནི། །ཡི་དམ་ལྷ་ཡི་སྐུ་གསུང་ཐུགས། །རང་གི་རིག་པའི་མངོན་གསུམ་དུ། སྦྱར་ལ་ངེས་པར་བསྒོམ་པར་བྱ། །” ཞེས་དང་། ཀ་བ་ནག་པོ་ལས། ། “ཡིག་འབྲུ་ཕྱག་མཚན་གསལ་བའི་འོད་དག་ལ། །རིག་པའི་ཡེ་ཤེས་ཆེན་པོས་སྐོས་བཏབས་ནས། །” ཞེས་གསུང་པ་ལྟར་སྟོང་པའི་ངང་དུ་ལྷ་བསྒོམས་པ་ཙམ་དེས་ལུགས་འདིའི་ལྷ་བསྒོམ་པའི་གོ་མི་ཆོད་པས་ན་རིག་པའི་ཡེ་ཤེས་གསལ་ཆས་ཟིན་དགོས་པ་དང་། དེ་ལྟར་མ་ཟིན་ན་རྩ་དམ་གཉིས་པར་འགལ་བའི་བཤགས་བྱ་སྟེ། ཀློང་དུ་ལྷ་མ་འདུས་ཞེས་གསུངས་པ་ཡིན་ནམ་སྙམ། དེ་ནི་ཕྲན་གྱིས་ཉི་ཆེ་གོ་བ་ལེན་ཕྱོགས་ཙམ་དུ་སོང་ཡོད་ཤས་ཆེ་ནའང་མཁས་དབང་རྣམ་པས་ལུང་རིགས་ཀྱིས་འཁྲུལ་སེལ་གནང་བ་ལས་ཐུགས་ཁྲེལ་མི་མཛད་པར་ཞུ།
དྲི་བ་རྗེས་མ་དག་ནི་ཕྲན་ལ་ལྟོས་ན་དེ་བས་ཀྱང་འདི་ཡིན་བསམ་པའི་ཁུངས་ལུང་དང་གཏན་ཁེལ་གང་ཡང་མེད་སྟབས་ཁོང་མེ་སྟག་ཕྲ་མོ་མཆོག་གིས་དྲིས་པ་ལ་སླར་ཡང་གཏིང་འདེབས་ཀྱི་ཚུལ་དུ། དོགས་འདྲི་ཞིག་ཕུལ་ན། སེ་ཤ་ནི་དཔུང་པའི་ཤ་དང་། ཀམ་ཤ་ནི་སོག་པའི་ཤ།། པྲ་ཤ་ནི་སོར་མོའི་ཤའམ་ཤིག་གི་ཤ་ལ་གོའམ། དུ་སམ་བང་ངེ་ནི། བརྔོས་དང་རྒྱན་གྱི་གཏོར་མར་གོ་བ་བླངས་ན་འགྲིག་གམ། ཞེས་འདིར་བཞུགས་རྣམ་པར་དོགས་འདྲི་ཞུ་བ་ལགས་པས་འཐད་མིན་གྱི་དགོངས་འཆར་ལྷུག་སྩོལ་ཡོད་པའི་རེ་འབོད་ཞུའོ། །དགོངས་དག ད་དུང་ལི་བོན་སྤུངས་རྒྱུང་སྐོར་དེ་ཕྲན་ལ་མཚོན་ན་དྲིས་ལན་ཚད་ལྡན་ཞིག་ལྟ་ཅི། འོལ་ཚོད་ཀྱི་བསམ་ཚུལ་ཙམ་ཡང་ཞུ་མ་ཤེས་པར་ལྷག་སོང་བས་དཔྱོད་ལྡན་རྣམ་པའི་གསུང་གི་སྐལ་དུ་ཅི་ནས་ཀྱང་བཞེས་རོགས་ཞུ་ཞུ།།
_____འཕྲུལ་གྱི་ཡིག་ཚང་ནས།
ལན། “དབྱིངས་སུ་སྐུ་བསྐྱོད་ཀློང་དུ་ལྷ་མ་འདུས།” ཞེས་པ་དང་། “དབྱིངས་དགུར་སྐུ་བསྐྱེད་ཀློང་དུ་ལྷ་མ་འདུས།” ཞེས་སྔགས་ཀྱི་གཞུང་དང་འགྲེལ་བ་འགར་མི་འདྲ་བ་གཉིས་སུ་ཡོད་སྣང་ལ་འོན་ཏེ་འདིར་ཡི་གེ་མེད་སྟབས་རྒྱས་གསལ་ཞུ་བྱ་དབེན། མདོར་ན་དང་པོ་དེ་ནི་སྔགས་ཕྱི་པའི་ལུགས་སུ་ལྷ་གང་ཡང་བདག་ཉིད་ལ་བསྡུ་ཚུལ་མ་ཤེས་སྔགས་ནང་མས་དེ་སྐྱོན་དུ་བཟུང་བ་དང་། གཉིས་པ་དེ་ནི་སྔགས་རང་གཞུང་གི་ལྷ་གང་བསྒོམ་ཡང་རང་ལུགས་ཀྱི་ལྟ་བས་ཟིན་དགོས་ཤིང་དེ་ལྟར་མ་བྱུང་ན་ཀློང་དུ་ལྷ་མ་འདུས། ཞེས་བཤགས་བྱར་ཟད། དེ་འདྲ་ཞིག་ཨེ་ཡིན་ནམ་སྙམ་མོ། ལི་ཡུལ་ནི་དེང་གི་ཀ་ཤི་མིར་ཕྱོགས་སུ་ཡིན་རབས་ཙམ་ལས་གསལ་པོ་མ་ཤེས། སེ་ཤ་ཀམ་ཤ་སོགས་ནི་སྐྱབས་སྟོན་གྱི་ཁྲོ་འགྲེལ་དུ་ཡོད་སྣང་ཡོད། །
_____ཁྱུང་གསེར་ཞུན་ནས།
ལན། “དབྱིངས་དགུ་སྐུར་བསྐྱེད་ཀློང་དུ་ལྷ་མ་འདུས།” ཞེས་པའི་ལུང་དོན་ལ་དྲ་གྲོགས་འགའ་ཞིག་གིས་དྲི་བ་དྲིས་ལན་གནང་བ་ལ་ཡི་རངས་དང་བཀའ་དྲིན་ཆེ་ཞེས་ཞུའོ། །འདི་ནས་ཀྱང་བསྐྱར་དུ་རྟ་སྔུན་བོང་འདུར་ཞེས་པའི་དཔེ་ལྟར། ལུང་དེ་ལ་ཕྲན་གྱིས་གོ་ཚུལ་ལམ་བསམ་ཚུལ་ཙམ་ཞིག་ཞུ་འདོད་བྱུང་། གོང་གི་ལུང་དེར་བར་གྱི་རྒྱུ་མཚན་སྟོན་པའི་སྒྲ་བསྡུས་ནས་མི་མངོན་པ་མཛད་པ་སྟེ་དོན་དུ་དབྱིངས་དགུ་སྐུར་བསྐྱེད་པས་ཀློང་དུ་ལྷ་མ་འདུས་ཞེས་པ་འདི་བཞིན་གོ་དགོས་པར་སྣང་།
རྒྱུ་མཚན་ནི། ལུང་འདིའི་གོ་དོན་གཙོ་བོ་ནི་ཡི་དམ་སྤོང་ལེན་བྱེད་པའི་དོན་དུ་འགྲེལ་ཡོད་པས་ཡིན། ཡི་དམ་སྤོང་ལེན་བྱ་བ་ནི་རང་རང་གིས་སྔོན་ནས་བསྒྲུབས་པའི་ཡི་དམ་དེ་བསྐྱུར་ནས་སྐབས་འཕྲལ་གྱི་རྐྱེན་དབང་གིས་ཡི་དམ་གཞན་པ་ཞིག་ལ་དད་འདུན་བྱ་ཞིང། མདོར་ན་ཤིང་ཁའི་སྤྲེའུས་ཤིང་སྡོང་རིམ་པས་འདོར་ལེན་བྱེད་པ་ལྟར་སེམས་ལ་ཡི་དམ་ངེས་གཏན་མེད་པའི་དོན་ཡིན་མོད། དེས་ན་སྐབས་བབ་ལུང་དེའི་འབྲུ་དོན་ལ་བསམ་ན། ཚིག་ཟུར་སྔ་མ་དབྱིངས་དགུ་སྐུར་བསྐྱེད་ཅེས་པ་དབྱིངས་དགུའམ་དབྱིངས་ནི་འཁོར་འདས་བོན་ཐམས་ཅད་ཀྱི་འབྱུང་གཞི་བོན་ཉིད་ཀྱི་གཤིས་ལུགས་ཡིན་པས། དེའི་རོལ་པའམ་རྣམ་པ་ལ་ཐེག་སྒོ་སྣ་ཚོགས་སམ་དཀྱིལ་འཁོར་ཕྱི་ནང་གིས་བསྡུས་པའི་ཡི་དམ་གྱི་ལྷ་ཚོགས་ནི། མཁའ་ལས་སྦྲང་ཆར་འབབ་པ་ལྟར་གྲངས་ཀྱིས་མི་ལོང་བ་ཞིག་བྱུང་དང་འབྱུང་བ་དེ་དག་ལས་གཅིག་གིས་གོ་མི་ཆོད་ལྟར་སྔ་མ་རྣམས་བསྐྱུར་ཅིང་ཕྱི་མ་གང་ཞིག་བསྒོམ་ཞིང་བསྐྱེད་པའི་དོན་ནོ། །རྒྱུ་མཚན་དེས་ན། ཇི་སྐད་དུ། ལྷ་བརྒྱ་བསྒོམས་པས་ལྷ་གཅིག་ཞལ་མི་མཇལ། ཞེས་པ་ལྟར། ཚིག་ཟུར་ཕྱི་མ་ཀློང་དུ་ལྷ་མ་འདུས་ཞེས་པ་ནི་རང་སེམས་ཀྱི་ཀློང་ན་རྩེ་གཅིག་པའི་དད་འདུན་དང་ཏིང་འཛིན་གྱི་མཐུ་བྱིན་ལས་དྲངས་པའི་ཡི་དམ་གྱི་ལྷ་ཞིག་མི་འདུ་བའམ་མི་བྱོན་པའི་དོན་ཡིན་པར་སྙམ་མོ། །
_____མཐོ་སྒང་བ། Yonten ནས།
དྲི་བ་དང་པོའི་ལན། སྐྱབས་སྟོན་ཁྲོ་འགྲེལ་ལས། “སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་དང་། བསྐྱེད་པའི་དམ་ཚིག་སེམས་དཔའ་གཉིས་བྱེ་མ་ལ་མར་ཐིམ་པའམ། མར་མེ་གཉིས་ཀྱི་འོད་གཅིག་ཏུ་འདྲེས་པ་བཞིན། གཉིས་སུ་མེད་པར་བཞུགས་སུ་གསོལ་བའོ། །ཞེས་སོ། །བྱེ་བྲག་བུམ་པ་དང་རྟེན་གསུམ་ལ་སོགས་གང་དམིགས་དེ་ལའོ། །བརྟན་པར་འདིར་ལོངས་སྐུའི་བོན་ཡིན་པས་འཁོར་བ་མ་སྟོང་བར་བྱེ་བྲག་ལུས་གནས་ལ་བཞུགས་པའི་ཇི་སྲིད་འཚོའི་བར་ཏེ། དབྱིངས་ནས་སྐུ་བསྐྱེད་ཀློང་དུ་ལྷ་མ་འདུས་སོགས་བཤད་པས་སོ། །” ཞེས་པ་ལྟར་ཡིན་པ་འདྲ།
དྲི་བ་གཉིས་པའི་ལན། ཡང་གོང་གི་དེ་ཉིད་ལས། “གཉིས་པ་ནི་དེ་བས་ན་བདག་ཅག་གི་བཀྲེས་སྐོམ་སྦྱང་པའི་ཕྱིར་དང་མཆོག་གི་དངོས་འབྱོར་དང་ཡིད་གུས་ཀྱིས་སྤྲུལ་པར་བཤམས་ནི་མཆོད་ཡོན་འབུལ་བའོ། །གསུམ་པ་དེ་ཡང་ལས་སྦྱོར་ཀྱི་མཆོད་པ་ཡིན་པས་ལག་པ་གཉིས་ཀའམ་གཡས་ཏེ། སེ་ཤ་དཔུང་པ་ཟེར་ཡང་ལག་ངར་དང་བཅས་པ། ཀམ་ཤ་སོག་པ། པྲ་ཤ་གཉའ་འམ་སྟོད་ལག་འབྲེལ་བའོ། །ཁ་ཅིག་ནས་བུ་ཤ་ཟེར་བ་མགོ་དང་། ལས་རིམ་ནས་ཤེ་ཤ་ཟེར་བ་སྙིང་ཡིན་ཀྱང་། དཔེ་རྒན་ནས་ཐོག་མཐའ་ཀུན་ལ་པྲ་ཤ་ཟེར་རོ། །དུ་རླན་གྱི་མཆོད་པ་ཆང་ལ་སོགས་པའོ། །སཾ་འདུས་པ་ཞལ་དུ་མང་སྦྱོར་རམ་ཚོགས་མཆོད། བོང་ངེ་བཤོས་བཟང་སྤྱན་གཟིགས་སོ། །གཟུགས་སྡུག་དགུ་དང་། སྒྲ་སྙན་དགུ་ལ་སོགས་བརྒྱད་དོ། །བོན་རེག་གཉིས་མ་བྱུང་བ་ཚིག་སྡེབ་ཀྱི་ཆའོ། །སྣང་སྲིད་གང་ལ་སྤྱིར་དེ་ཀུན་རེ་རེ་ལ་ཡང་དངོས་འབྱོར་ཡིད་སྤྲུལ་གཉིས་ཡོད་ཀྱང་ཐ་མ་གཟུགས་སྒྲ་ལ་སོགས་པ་དེ་གཙོའོ། །” ཞེས་པས་མཁྱེན་སླ།
དྲི་བ་གསུམ་པའི་ལན། ལི་བོན་སྤུངས་རྒྱུང་དང་། མཐུ་བོ་ཆེ་མི་དགུའི་སྐབས་ཀྱི་ལི་བོན་མུ་ཕྱ་དེ་ཚོའི་སྐོར་ཁ་གསལ་ཞུ་མ་ཤེས། འོན་ཀྱང་ཁོང་རྣམ་པ་ལི་ཡུལ་གྱི་བོན་པོ་ཡིན་ཚེ། ལི་ཡུལ་གང་དུ་ཡོད་མེད་གུས་པས་བྲིས་པའི་རྩོམ་ཐུང་འདིར་གཟིགས་རོགས།
_____ཧི་མ་ལ་ཡའི་རྒྱལ་སྲས་ནས།