དབུས་སྟག་གཟིག་གི་གངས་རིན་པོ་ཆེ་དེ་གང་ཞིག་ལ་ངོས་བཟུང་དགོས།
རྩོམ་བྲིས་པ། དགེ་བཤེས་ཤེས་རབ་དགེ་ལེགས། དྲི་བ་གཏོང་མཁན། མཆོག་རྒྱལ།
དྲི་བ། ཀུན་མཁྱེན་ཤར་རྫ་བས་ “ཏི་སེ་ལ་ཡོན་ཏན་གྱི་དབུས་སྟག་གཟིག་ན་ཡོད་པའི་ཏེ་སེ་དང་། ས་ཚིགས་ཀྱི་དབུས་བོད་ཀྱི་ཏི་སེ་གཉིས་སུ་ཡོད་པས་ལུང་འདིའི་ཏི་སེ་དང་མཚོ་མ་པང་སྤོས་རི་ངད་ལྡན་སོགས་ནི་སྟག་གཟིག་ན་ཡོད་ལ། ཆུ་བོ་བཞི་ཡང་སྟག་གཟིག་ནས་འབབ་ཅིང་། དེ་ནས་རྒྱ་གར་ལ་འབབ་པ་དེའོ།ʼʼ གསུངས་པའི་དབུས་སྟག་གཟིག་གི་གངས་རིན་པོ་ཆེ་དེ་གང་ཞིག་ལ་ངོས་འཛིན་དགོས་སམ།
ལན། ༡ སྟག་གཟིག་ཅེས་པའི་མིང་འདི་འོལ་གླིང་གི་མགོ་ལ་སྦྱོར་བའི་དུས་སྐབས་ལ་བསམ་གཞིག་བྱེད་དགོས།
༢ ཡོངས་གྲགས་སུ་སྟོན་པའི་སྐུ་སྐྱེ་བ་བཞེས་པའི་ཡུལ་དེ་ནི་དེང་སང་སྟོད་མངའ་རིས་སུ་ཡོད་པའི་གངས་རི་པོ་ཆེའི་གཡས་གཡོན་ཡིན་པ་མཛད་མདོ་ཚང་མའི་འགག་རྩ་གཅིག་ཏུ་བབས་འདུག་པས་དེར་རྒྱས་སྤྲོས་ཀྱི་སྐད་ཆ་འདྲ་མིན་བཏགས་ན་ལོ་རྒྱུས་ཀྱི་ངོ་བོ་མུན་ནག་ཏུ་འགྱུར་རྒྱུ་ལས་མི་འདུག
༣ ཁ་ཅིག་གིས་སྟོད་མངའ་རིས་ཀྱི་ཡུལ་འདིར་གཞུང་དུ་བཤད་པའི་འོལ་གླིང་གི་ཡོན་ཏན་ཚང་གི་མི་འདུག་པས་དེ་མི་འཐད་ཟེར་གྱིན་འདུག་སྟེ། དེ་ལྟར་ན་མང་པོ་ཞིག་ཁས་ལེན་ཐབས་མེད་པར་འགྱུར་འགྲོ་རྒྱུ་ཉག་ཅིག་རེད། དེར་བརྟེན་སྐབས་སུ་བབས་པའི་རྩོམ་པ་པོས་དག་སྣང་གིས་བཞག་པ་དང་དངོས་ཡོད་ཀྱི་གནས་སྟངས་གཉིས་མ་འདྲེས་པ་བྱེད་རྒྱུ་ནི་གལ་གནད་ཅན་ཞིག་རེད།
མདོར་ན་འོལ་གླིང་ཟེར་བ་འདི་ད་ལྟ་སྟོད་མངའ་རིས་ཀྱི་གངས་ཏི་སེའི་ས་ཆར་ངོས་འཛིན་དགོས་པ་ཡིན་ནོ།།