དབུས་སུ་བོན་གྱི་གྲྭ་ས་ཡ་བཞི་ཟེར་བ་དེ་དག་གང་ཡིན་ནམ།
བཀའ་དྲི་གནང་མཁན། རྣོ་དབལ་ཟོར།
དྲི་བ། བོན་དཔེ་འགའ་ཞིག་ནང་དབུས་གཙང་ཁུལ་དུ་བོན་གྱི་གྲྭ་ས་ཡ་བཞི་ཟེར་བ་ཞིག་ཡོང་གི་འདུག་པས་དེ་དག་གང་དང་གང་ཡིན་ནམ།
ལན། འདིའི་སྐོར་(གནའ་བོའི་ཞང་བོད་ཚིག་མཛོད་)ནང་ཅུང་འཁོད་པ་འདི་ལྟར། ” གྲྭ་ས་ཡ་བཞི། བྲུ་ཡི་གདན་ས་གཡས་རུ་དབེན་ས་ཁ། བྲུ་རྗེ་གཡུང་དྲུང་བླ་མས་སྤྱི་ལོ་ ༡༠༧༢ ལོར་ཕྱག་བཏབས། གྲྭ་ཚང་ལ་གླིང་སྟོད། གླིང་སྨད། གླིང་ཟུར། གླིང་སྐེད་བཅས་ལ་མཁན་པོ་བཞིས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་རྒྱུན་སྐྱོངས། དེ་ནས་གཡས་རུ་སྟོན་པ་བཅོ་བརྒྱད་རིང་དུ་བསྟན་པ་ཤིན་ཏུ་རྒྱས། གཙོ་བོ་གཞུང་ཆེན་གབ་མཛོད་ས་གསུམ་གྱིས་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་བཀོད་དེ་འདུས་གྲྭ་སུམ་སྟོང་ལྷག་ཙམ་འཕེལ། དེ་རྗེས་སྤྱི་ལོ་ ༡༤༠༤ ལོར་སྤང་རྡོལ་ཆུ་ལོག་གིས་བསྣུབས་ནས་རྨེང་མེད་དུ་གྱུར། ད་ལྟ་གཞིས་རྩེ་གནམ་གླིང་རྫོང་ཁོངས་སུ་ཡོད་།
གཤེན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ། དུས་རབས་བཅུ་བཞི་པའི་མཇུག་ཏུ་གཤེན་ཉི་མས་དགུང་གྲངས་སུམ་ཅུ་ཐོག་ཕྱག་བཏབས། འདུས་སྡེ་ཁང་ཚན་གཉིས་སམ་གྲྭ་ཚང་གཉིས་བྱུང་ནས་བླ་རབས་རིམ་བརྒྱུད་ཀྱིས་འཛིན་སྐྱོང་སྤེལ། མདོ་སྔགས་སེམས་གསུམ་སྤྱི་དང་ཁྱད་པར་མ་རྒྱུད་ཀྱི་བསྟན་པའི་བཤད་ཁྲིད་དར་ཞིང་འདུས་གྲྭ་སུམ་བརྒྱ་ལྷག་ཙམ་འཕེལ་བར་མཛད།བསྟན་སྲུང་ནི་སྲིད་རྒྱལ་དྲེལ་དམར་དང་། ལྷ་བཙན་དམག་དཔོན། སྒེར་སྲུང་བཙན་རྒོད་མེ་འབར་སོགས་སྒྲུབས་པའོ། ད་ལྟ་གཞིས་རྩེ་མཐོང་སྨོན་རྫོངས་ཁོངས་སུ་ཆགས་ཡོད།
ཞུ་ཡི་གདན་ས་དབང་ལྡན་ལྷུན་གྲུབ་སྒང་། ཞུ་ཡས་ལེགས་པོས་སྤྱི་ལོ་ ༡༡༩༠ ལོ་ཙམ་དུ་ཕྱག་བཏབས། སྔགས་སེམས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་ཞུ་ལུགས་སྐོར་ཉམས་མེད་དུ་བསྐྱངས། ད་ལྟ་གཞིས་རྩེ་པ་ནམ་རྫོངས་ཁོངས་སུ་ཆགས་ཡོད།
རྨེའུ་གདན་ས་དཔལ་ལྡན་བཟང་པོ་རི། མཁས་མཆོག་ཚུལ་ཁྲིམས་དཔལ་ཆེན་གྱིས་སྤྱི་ལོ་ ༡༠༩༦ ལོར་ཕྱག་བཏབས། དགོན་འདིར་མདོ་སྔགས་སེམས་གསུམ་གྱི་བསྟན་པ་སྤྱི་དང་ཁྱད་པར་ཕར་ཕྱིན་གྱི་བཤད་ཁྲིད་དར་ནས་འདུས་གྲྭ་སྟོང་ཕྲག་མ་ཟིན་ཙམ་བྱུང་དེ་ནས་རིམ་བཞིན་དར་རྒྱས་བྱུང་། ད་ལྟ་ལྷ་ས་ཁུལ་སྙེ་མོ་རྫོངས་ཁོངས་སུ་ཆགས་ཡོད།།” ཅེས་སོ།།
སྟོད་ལུང་འབྲི་ལུང་དགོན་ཟེར་བ་དེ་སྔ་དབུས་ཀྱི་འདུ་གནས་བཅུ་གསུམ་ལས་གཙོ་ཆེ་བ་ཞིག་ཡོད་པ་དང་། ཞང་འབྲི་ལུང་པ་ཆེན་པོས་བོན་གྱི་བསྟན་པ་བསྐྱངས་པ་སོགས་གྲགས་ཆེ་བ་ཞིག་འདུག་པ་དེ་དབུས་ཀྱི་གྲྭ་སའི་ཁུངས་མི་ཚུད་པ་ཡིན་ནམ།
སྐུ་ཉིད་ཕེབས་པར་འཚམས་འདྲི་དང་། སྤྱིར་བཏང་སྔོན་མ་གྲྭ་ས་ཟེར་བ་དགོན་གནས་ཆེ་ཚད་དང་འདུས་གྲྭ་མང་བ་སོགས་ལ་འཇུག་པའི་ངེས་པ་མེད་ཡིན་ས་རེད། གཙོ་བོ་བཤད་སྒྲུབ་ཀྱི་བསྟན་པ་འཆད་ཉན་ནམ་དམིགས་བཀར་གཞུང་ཆེན་ཁག་གང་རུང་ལ་ཐུན་མིན་འཆད་ཉན་གྱི་སྲོལ་འཛིན་པའི་དགོན་སྡེ་ཁག་ལ་ཟེར་སྲོལ་ཡོད་འདུག