དབུ་མ་ཞེས་པའི་སྐོར་སོགས་ལ་དྲི་བ་བཞི།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། མེ་སྟག
དྲི་བ། ༡) ཞང་སྐད་ཐོག་ནས་དབུ་མ་དང་གཡུང་དྲུང་སེམས་དཔའ་སྤྲོས་མེད་ཞེས་པའི་དོན་གང་ཡིན།
ལན། ཞང་སྐད་ནང་དབུ་མ་ཞེས་པའི་ཐ་སྙད་མ་མཇལ་ལ་ཕལ་ཆེར་མེད་པར་འདོད། རྒྱུ་མཚན་འོག་ནས་འཆད། གཡུང་དྲུང་སེམས་དཔའ་ཞེས་པ་ཆ་ཚང་ཞང་སྐད་ནང་མ་མཇལ་ཡང་། གཡུང་དྲུང་སེམས་དཔའ་ལ་ནི། གྱེར་དྲུང་མུ་ཁྲི་པ། ཞེས་མདོ་སྐལ་བཟང་སོགས་ནང་མཇལ་རྒྱུ་ཡོད་དྲན།
དྲི་བ། ༢) དབུ་མ་ཞེས་པའི་ཐ་སྙད་འདི་གཏེར་འོག་མ་ཚུད་པའི་གཞུང་སྔ་ཤོས་གང་ལ་གསལ།
ལན། བོན་གྱི་གཞུང་ལུགས་རྙིང་པ་རྣམས་ནས་དབུ་མ་ཞེས་པའི་ཐ་སྙད་མ་མཇལ་ཡང་། བཀའ་མདོ་སྡེ་གང་ཞིག་ཏུ་དབུ་མ་ཞེས་པའི་ཐ་སྙད་ཅིག་མེད་དམ་སྙམ་པའང་འདུག་སྟེ། ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་མཆོག་གིས་(ཐེག་པ་ཆེན་པོ་དབུ་མའི་རང་འགྲེལ་གསལ་བྱེད་སྒྲོན་མ་ལེགས་པར་བཤད་པ)ལས། “ཐེག་པ་ཆེན་པོ་ནི། དབང་པོ་ཡང་རབ་ཀྱི་ཐེག་སྣང་ཡིན་པས་སོ། །དབུ་མ་ནི་མདོ་ནས་བཤད་དེ། སྤྲོས་པའི་མཐའ་རྣམས་ཡོངས་སུ་ཞི་བས་དབུ་མ་ཞེས་པའི་ཐ་སྙད་ཙམ་མོ། །” ཞེས་གསུངས་པ་དང་། དེ་དང་འདྲ་བར་ཞུ་རྒྱལ་མཚན་མཆོག་ལེགས་ཀྱིས་ཀྱང་(ཟབ་མོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་རབ་ཏུ་གསལ་བར་བྱེད་པའི་རྣམ་བཤད་སྐལ་ལྡན་རྗེས་འཛིན་)ལས། “དེ་ལ་འདིར་དབུ་མ་ཞེས་བྱ་བའི་དོན་ནི། རྟག་ཆད་ཀྱི་མཐའ་དང་བྲལ་བ་ཡིན་ལ། གྲུབ་མཐའ་སྨྲ་བ་བཞི་ཀའི་ཡང༌། རྟག་ཆད་ཀྱི་མཐའ་དང་བྲལ་བ་དབུ་མའི་དོན་ཞལ་གྱིས་བཞེས་ཏེ། སྟོན་པ་སངས་རྒྱས་ཀྱིས་རྟག་ཆད་སྤངས་ནས་དབུ་མའི་ལམ་ལ་བསྔགས་པ་མཛད་པས་དེའི་རྗེས་སུ་འཇུག་པར་འདོད་པའི་ཕྱིར་རོ། །” ཞེས་གསུངས་འདུག འདིའི་སྐབས་ཀྱི་ལུང་དོན་གཉིས་དེ་རང་ལུགས་མདོ་ནང་དང་སྟོན་པ་ཉིད་ཀྱིས་དབུ་མ་ཞེས་གསུངས་ཡོད་པའི་དོན་ཡིན་ནམ། ཡང་ན་དབུ་མ་ཞེས་པའི་དོན་འགྲེལ་དེ་ལྟར་བཞེད་པར་གསུངས་པ་ཡིན་མ་ཤེས། གུས་པ་རང་ཉིད་ཀྱིས་ནི་བོན་རང་ལུགས་ལ་དབུ་མ་ཞེས་པའི་ཐ་སྙད་ཕྱི་ལོའི་དུས་རབས་བདུན་པའི་གོང་དུ་ཡོད་ལ་གཏེར་དུ་མ་སོང་བ་ཞིག་ཡོད་རྒྱུ་མ་རེད་འདོད། རྒྱུ་མཚན་ནི། དབུ་མ་ཞེས་པའི་ཐ་སྙད་འདི་ལེགས་སྦྱར་གྱི་མཱ་དྷི་ཡ་མ་ཀཱ་ཞེས་པ་ལས་བྱུང་ལ། བོད་དུ་དུས་རབས་བདུན་པའི་རྗེས་སུ་བྱུང་བར་འདོད་ཀྱིན་ཡོད། འོ་ན། བོན་རང་ལུགས་ལ་དབུ་མའི་རྣམ་བཞག་སྟོན་པའི་གཞུང་མེད་དམ་སྙམ་ན། དེ་ནི་མ་ཡིན་ཏེ། རྗེ་བླ་མ་༸ཡོངས་འཛིན་ཆེན་མོས་(ཐེག་རིམ་གྱི་རྗེས་སུ་འབྲངས་ནས་ཡང་དག་ལྟ་བའི་ལྡོག་ཕྱོགས་མ་རིག་ངོས་འཛིན་གྱི་ཟིན་བྲིས།)ལས། “གཡུང་དྲུང་བོན་གྱི་རང་ལུགས་ཐེག་ཆེན་དབུ་མ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁམས་བརྒྱད་སྟོང་ཕྲག་བརྒྱ་པ་རྒྱས་འབྲིང་བསྡུས་པའི་ཚོགས་ཀྱི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཟབ་མོ་དབུ་མའི་ལྟ་བ་དང༌། ཐེག་ཆེན་ཡེ་གཤེན་པའི་ལུགས་ཀྱི་ཟབ་མོ་དབུ་མའི་སྟོང་པ་ཉིད་གཉིས་སུ་འཆད་ཚུལ་ཡོད་པའི་དང་པོ་ནི། རྗེ་བཙུན་ཡར་མེ་བའི་དབུ་མ་བདེན་གཉིས་རྩ་འགྲེལ་སོགས་ལ་བརྟེན་ནས་གཞུང་འགྲེལ་ཇི་སྙེད་འཕེལ་བ་ལྟར་ལ། འདིར་ཕྱི་མ་འདིའི་ཚུལ་གཞུང་གི་ལུང་བཞག དེ་ཡི་དོན་རིག་པའི་སྒོ་ཙམ་ཞིག་འཆད་པར་འདོད། །” ཅེས་གསུངས་པས་ངེས་སོ།།
དྲི་བ། ༤) རང་རྒྱུད་དང་ཐལ་འགྱུར་ཞེས་པའི་ཚིག་དེ་དུས་རབས་བདུན་བརྒྱད་སྐབས་ནས་ཡོད་མེད་ཁ་གསལ་གང་།
ལན། རང་ལུགས་མཁས་པ་རྣམས་ཀྱིས་བོན་གཞུང་ལས་རང་རྒྱུད་དང་ཐལ་འགྱུར་བ་ཞེས་མི་སྨྲ་བ་དང་དེ་དག་ལ་ཁྱད་ཡོད་ཚུལ་སོགས་འདོད་ལ། འདིའི་སྐོར་༸རྗེ་བླ་མ་ཡོངས་འཛིན་ཆེན་མོས་(ཐེག་རིམ་གྱི་རྗེས་སུ་འབྲངས་ནས་ཡང་དག་ལྟ་བའི་ལྡོག་ཕྱོགས་མ་རིག་ངོས་འཛིན་གྱི་ཟིན་བྲིས།)ལས།“ འོན་ཀྱང་རོལ་པ་སྐྱེ་མཆེད་པ་དང་མཚན་མ་ཀུན་བྲལ་བ་གཉིས་དབུ་མ་ཐལ་རང་གི་གྲུབ་མཐར་སྦྱར་བ་ནི་བོན་རང་ལུགས་ཀྱི་ཡིག་ཆ་ཁུངས་མའི་ཕུགས་ལ་གཏུགས་ནས་ཡིན་མིན་གང་ལྟར་ཡང༌། དེང་དུས་བོད་གངས་ཅན་དུ་ཡོངས་སུ་གྲགས་པའི་ཚུལ་རྣམས་རྟོགས་པའི་ཆེད་དུ་བཀོད་པ་ཡིན་པར་མངོན། འོན་ཀྱང་བརྟག་གོ། རོལ་པ་སྐྱེ་མཆེད་པ་དང༌། མཚན་མ་ཀུན་བྲལ་གཉིས་ཀྱི་ལྟ་བའི་འདོད་ཚུལ་ཐལ་རང་དང་མཚུངས་པའི་ཆ་འགའ་ཞིག་བྱུང་བས་དེ་དང་མིང་དོན་གང་ས་ནས་མཚུངས་དགོས་པའི་རྒྱུ་མཚན་ཡང་ལྟོས་ཆུང་ངོ༌། །ཐལ་རང་གི་ཐ་སྙད་ནི་རྒྱ་གར་དུ་རྒྱན་དྲུག་མཆོག་གཉིས་སོགས་ཀྱི་དུས་སུ་བཞག་པར་འདོད་མོད། དེའི་རྗེས་སུ་བོད་དུ་དེའི་ཐ་སྙད་ཀྱི་ཤན་གྲུབ་མཐའ་དང་ལུགས་སྲོལ་རྣམས་ཕན་ཚུན་བསྲེས་པ་དང་འདྲེས་པ་ཇི་སྙེད་བྱུང་བ་མངོན། ། ” ཞེས་གསུངས་འདུག་པས། དེས་ན་བོན་ལུགས་ལ་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་ཞེས་པ་ཡོད་མེད་བརྟག་དགོས་པ་ཡིན་འདུག ཅི་སྟེ་རང་རྒྱུད་པ་དང་ཐལ་འགྱུར་བའི་རྣམ་བཞག་ནི་རྒྱན་དྲུག་མཆོག་གཉིས་ནས་བོད་དུ་དར་བ་ཡིན་ཚེ། ཆོས་པའི་རྒྱལ་རབས་ལོ་རྒྱུས་ལྟར་ན་དབུ་མའི་གཞུང་བོད་དུ་ཐོག་མར་དར་དུས་ནི། བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་དབུ་མ་རྩ་ཤེས་སོགས་ཐོག་མར་བོད་སྐད་ཐོག་བསྒྱུར་པ་ནས་བཟུང་དབུ་མའི་གཞུང་ལ་འཆད་ཉན་གྱི་སྲོལ་ཚུགས་པར་བཤད། ཀ་ཅོག་ཞང་གསུམ་ནི་ཁྲི་སྲོང་སྐབས་སུ་ཡིན་པར་ལོ་རྒྱུས་དེབ་ཐེར་ཁག་ལས་གསལ།
དྲི་བ། ༥) དབུས་དང་དབུ་གཉིས་ཀྱི་གོ་དོན་གཅིག་གམ་ཐ་དད། གཅིག་ན་གཅིག་ཚུལ་དང། ཐ་དད་ན་སོ་སོར་འཇོག་སྟངས་གང་ཡིན་མཁྱེན་མཁན་ཡོད་ན་རྒྱབ་ལྗོངས་ཡོད་པའི་ལན་ཞིག་གསུང་རོགས་གནང་།
ལན། སྤྱིར་བཏང་དབུ་དང་དབུས་གཉིས་ལ་ཁྱད་ཡོད་མེད་འགྲེལ་མི་དགོས་ཀྱང་། ཁྱེད་ཀྱི་བཀའ་འདྲི་དབུ་མའི་སྐོར་ལ་ཡིན་ཚེ། དབུ་མ་བདེན་གཉིས་ཀྱི་གཞུང་ལས། ཕྱོགས་བཅུའི་རྡུལ་གྱིས་དབུས་རྡུལ་ལ། ཞེས་པའི་རྩོད་པ་གནང་སྐབས་ཀྱི་དབུས་ཀྱི་འབབ་ས་ནི་གཞི་ཞིག་དཀྱིལ་ལ་བཟུང་སྟེ། དེའི་སྔ་ཕྱི་དང་གཡས་ཡོན་སོགས་ཕྱོགས་ཆ་ཅན་ཞིག་ཡོད་ན་གཞི་དེ་དབུས་དང་། མེད་ན་དབུས་སུ་མི་བརྗོད་པ་ལ་འཇོག དབུ་མ་ཞེས་པའི་ཐ་སྙད་འཇོག་ཚུལ་ནི། གོང་ལྟར་སྤྲོས་པའི་མཐའ་རྣམས་ཡོངས་སུ་ཞི་བས་ན་དེ་ལྟར་ལགས་པས་དེས་ན། དབུས་ནི་གཞི་ཕྱོགས་ཆ་ཅན་ཞིག་དང་། དབུ་མའི་དབུ་ནི་སྤྲོས་པ་དང་དགག་བྱས་སྟོང་པའི་ཆ་ཞིག་ལ་ངོས་འཛིན་དགོས་པ་འདྲ་སྙམ།། །།
༼གོང་དུ་ལན་ཕུལ་བ་རྣམས་ནི་བསམ་ཚུལ་ཙམ་ལས་ཐག་གཅོད་པ་མིན་ཞུ།༽