དབལ་དར་འབྲི་ཐབས་ཇི་ལྟར་ཡིན།
ལག་བསྟར་བ། དོ་དམ་པ། · ཟླ་གཉིས་པ། 24, 2018
དབལ་དར་འབྲི་ཐབས།
མཛད་པ་པོ། ༧ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན།
རྒྱལ་བའི་དཀྱིལ་འཁོར་ཕྱི་ནང་གསང་བའི་ལྷ། །བླ་མེད་ལྷག་པའི་ལྷ་རྣམས་དགེ་ལེགས་སྩོལ། །
དབལ་དར་ཁྲ་བོ་བྲི་བ་ནི། །རས་དཀར་གྲུ་བཞི་ཆེ་ལེགས་ལ། །ཕྱོགས་བཞི་སོར་ལྔ་ཕྱི་ལ་དོར། །དེ་ནང་ཆེ་ཆུང་མ་ཤོར་བར། །མཐའ་ཚངས་བརྒྱད་གདབ་གྲུ་བཞིར་བཅད། །ནང་ཆ་གཞུང་ཡུག་དཀར་པོ་དེ། །བཅུ་ལྡབ་དགུ་བབ་དགུ་བབ་ཀྱི། །དམར་ཐིག་དགུ་གཉིས་བཅོ་བརྒྱད་བསྣོལ། །ལིང་རྩེ་ཆེ་བ་བརྒྱ་ཐམ་འབྱུང་། །
དེ་ལ་སྒྲ་འཁོར་ཀ་བཞི་ལྟར། །བསྟུན་པའི་མཛེས་ཚོན་རྫོགས་པར་འགྱེད། །དེ་ཡི་ཆ་ཆེན་སྣམ་བུ་དེར། །བཅུ་ལྡབ་དགུ་བབ་དགུ་བབ་ཀྱི། །དཀར་ཐིག་དགུ་བཅུ་ཕྲག་གཉིས་བསྣོལ། །དེ་ཡི་དཀྱུས་སྣམ་རེ་རེ་ལ། །ལིང་ཙེ་ཕྲ་མོ་སྟོང་ཕྲག་རེ། །ཁྱོན་བསྡོམས་ལིང་ཙེ་ཆིག་ཁྲི་འབྱུང་། །དེ་ནི་ལུང་འདིའི་དགོངས་པ་ཡིན། །
ཡང་ན་སྔར་གྱི་ཆ་ཆེན་དེར། །བཞི་ལྡབ་སུམ་བབ་སུམ་བབ་ཀྱི། །དཀར་ཐིག་སུམ་ཅུ་ཕྲག་གཉིས་བསྣོལ། །ལིང་ཙེ་ཆིག་སྟོང་དྲུག་བརྒྱ་འབྱུང་། །དེ་ལ་སྒྲ་འཁོར་ཀ་བརྒྱད་མའི། །ཚོན་བསྟུན་མཛེས་མཚོན་རྫོགས་པར་འགྱེད། །དཀྱིལ་འཁོར་སྟོང་དང་དྲུག་བརྒྱར་མཚོན། །གང་འདི་རིག་པའི་རྣམ་བཞག་གོ །
ལུང་རིག་གང་གི་རྗེས་འབྲང་ཡང་། །གནམ་གྱི་གོང་ཤམ་སྔོན་པོ་བྱ། །གཞའ་སྤྲིན་ཉི་ཟླ་གཟའ་སྐར་བྲིས། །བར་བར་གནམ་ལ་འཕུར་དགུ་བཀོད། །ས་ཡི་འོག་ཤམ་སེར་པོ་བྱ། །འབྱུང་བཞི་ལྗོན་ཤིང་སྐྱེད་མོའི་ཚལ། །འདོད་དགུ་མི་ནོར་ཞིང་མཁར་དང་། །རྩལ་སྟོབས་འདོད་འབྱུང་གཡུང་དགུ་བཀོད། གནམ་ཕྱོགས་རས་སྔོན་སྒྲོག་གདན་དགུ། །སྟོང་སྐུད་སྣ་ལྔ་ལྔ་སྒྲིམ་གྱི། །སྒྲོག་བུ་རྩེ་གཉིས་པ་དགུ་རྒྱབ། །བར་བར་གཅན་གཟན་སྣ་དགུ་བྲིས། །མཆོད་ཚོགས་དར་སྣ་མ་འདྲེས་ཤིང་། །ལྕེ་བརྒྱད་ཀུན་ལ་མེ་རི་བྲིས། །བར་བར་རི་དྭགས་ཆོ་དགུ་བྲི། དབལ་མདུང་སྲིན་མོ་རྐང་ལ་དྲོངས། །གཞན་ཡང་དར་སྣ་གང་འཛོམ་ཡང་། །དབལ་མདུང་དེ་ཡི་མགུལ་སྒྲོན་ནོ། །
ལུང་རིག་ལས་བྱུང་དབལ་དར་བྲི་ཐབས་འདི། །རྩ་བླ་ཚུལ་ཝེར་ཞལ་བཀོད་ངོ་མ་ལས། །སློབ་འབང་ཐ་ཤལ་ཟུར་ཝེར་མིང་པས་བྲིས། །མཆོག་གསུམ་དམ་ཅན་དགྱེས་པའི་རྒྱུར་གྱུར་ཅིག །། །།