དབང་ཡིད་རང་རིག་རྣལ་འབྱོར་བཞི་དེ་བོན་སྒོ་བཞི་ལ་སྦྱར་ཚུལ་གང་འདྲ་ཡིན་ནམ།
རྩོམ་བྲིས་པ། ཚ་རོང་སྐལ་བཟང་། དྲི་བ་གཏོང་མཁན། ཁྱུང་ཐོག་རྒོད།
དྲི་བ། དབང་ཡིད་རང་རིག་རྣལ་འབྱོར་བཞི་དེ་བོན་སྒོ་བཞི་ལ་སྦྱར་ཚུལ་ཞིག་གསུང་རོགས།
ལན། ༼གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས༽ “དབང་པོ་མངོན་སུམ་ཆབ་ནག་འཇིག་རྟེན་པ། ལས་ཀྱི་འཁོར་བ་ལུས་ནི་དབང་པོ་ཅན། ཀུན་རྫོབ་དབང་པོས་ལེགས་ཉེས་འཕྲལ་སྤྱོད་ལྟ། ཡིད་ཀྱི་མངོན་སུམ་འཕན་ཡུལ་ལམ་བསྒྲུབ་སྟེ། ཡིད་ལས་སྐྱེས་པའི་སྣ་ཚོགས་གཟུགས་འཆང་པ། རིག་བྱེད་མ་ཡིན་གཟུགས་སོགས་ཚད་མར་འཛིན། རང་རིག་མངོན་སུམ་ཟབ་དཀར་དོན་ཞུགས་པས། འཇིག་རྟེན་ལུས་མིན་ལུས་མཆོག་རང་རིག་ལུས། འོག་མའི་བློ་ཡུལ་བདེ་ལ་ངར་མི་འཛིན། སེམས་ཉིད་མངོན་སུམ་དཔོན་གསས་རྟོགས་པ་ཅན། ལུས་ཀྱི་མཐར་ཐུག་རྟོགས་པའི་ཡེ་ཤེས་སྐྱེ། བསྒོམ་པའི་སྟོབས་གསལ་ལ་ཚད་མར་བྱེད། རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན། ཞུགས་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། ཞུགས་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་། འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས། ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན།” ཞེས་གསུང་པས། མངོན་སུམ་ཚད་མ་བཞི་ནི་བོན་སྒོ་བཞི་དང་རྗེས་དཔག་ཚད་མ་མཛོད་ལ་སྦྱར་ཚུལ་བཅས་སོ།། །།