དངོས་གྲུབ་བསྙེམས་པའི་གནས་དགུ་ནི།
མཛད་པ་པོ། སྐྱབས་སྟོན་རིན་ཆེན་འོད་ཟེར།
སྐྱབས་སྟོན་ཁྲོ་འགྲེལ་ལས། ” གསུམ་པ་དངོས་གྲུབ་བསྙེམས་པའི་གནས་དགུ་ནི། འགྲེལ་ལས། ཏི་སེ་ཡན་ལ་སོ་སོའི་དགོས་པ་དང་བཅས་ཏེ་བཤད་པ་འདིར་ཡར་དྲངས་ཤིང་། འདི་མན་ཆོད་ལ་དགོས་པ་མ་བྱུང་པ་ནི། སྒོ་བཙན་འདི་བཏུལ་མེད་པས་སྤྱི་སྒྲུབ་དུ་བྱས་ཆ་ཡིན་སྲིད་དོ། །སད་ནེས་དྭང་ར་ནི་མཚོའི་ཞང་སྐད་ལ་གཡུ་བུན་ནི་དེ་ཡོད་པའམ། སྔོན་དུས་རྟགས་གཡུ་རུ་བྱས་ནས་བཏགས་པ་ལ་མིང་བཏགས་སྲིད་དོ། །མཚོ་སྨན་ཡང་གསེར་ཏང་ཡི་གེ་བྱ་བ་རྨའི་གཏེར་གྱི་བཀའ་སྲུང་གི་རྩ་བ་སྟེ།
དེ་དང་རྟ་སྒོ་གཉིས་ལ་སྒྲུབ་སྐོར་ཀྱང་ཟབ་མོ་བྱུང་ངོ་། །གཡུ་གནས་ཀྱང་ཡིན་ཞིང་། ནུབ་ན་སྤྲུལ་པའི་རྒྱུད་དགུ་དང་། ལྷོ་ན་མ་འགོ་གཡུ་མཚོ་ལ་སོགས་བཤད་དོ། །ད་མི་ནིས་བོད་ཀྱི་གངས་རི་མཚོ་གསུམ་ནང་ཚན་སྤོས་རི་ངད་ལྡན་ཏེ། མ་རྒྱུད་ནས་དེའི་ཐད་ཀྱི་གནས་ལག་ལ་བྱ་རི་གཙུག་ལྡན་ཟེར། ཤད་ར་ཁུགས་ཀྱིས་གཙང་ཉང་རོའི་དྲུང་གི་སྟག་ཚལ་ཕུག་སྟེ། མ་རྒྱུད་ནས་དུམ་གྱི་སྟག་ཚལ་ཟེར་ཏེ། ལྷན་སྐྱེས་རྒྱུད་རིམ་གྱི་ཉང་སྟོད་སྟག་ཚལ་གདོང་སྔོན་དང་གཅིག་སྟེ། མེ་འགྲེལ་དུ་རེ་བཞི་བཙལ་བའི་གཏམ་རྒྱུད་ཀྱང་གསུངས་སོ། །འདུ་གནས་ཀུན་ལས་བཤད་དོ། །རྒྱ་བོན་གྱིས་རྒྱ་བོད་ཀྱི་མཚམས་ཏེ། དེང་སང་འཇང་ཡུལ་དང་རྒྱ་ཡི་བར་ན་བཤད་པའི་གོང་བུ་ཁ་དོག་དམའ་རུ་ལ་ཡོད་པའི་ཕུག་པ་སྟེ། བཀའ་རྟགས་ཡང་ཤེལ་རྔ་དང་མནྡལ་རང་གྲུབ་ཡོད་སྐད་དོ། །མ་རྒྱུད་ནས་བླ་མུ་ཙེ་དང་ཤར་ན་རི་བོ་རྩེ་ལྔ་ཡང་འདིའི་གནས་ལག་ལ་བཤད་དོ། །ཐོག་འཕྲུལ་གྱིས་ཡར་ལུང་མགུར་ལྷ་ཤམ་པོའི་ཕུག་པ་ལ་ཏེ། མ་རྒྱུད་ནས་ཡར་ལྷ་དབལ་ཕུག་ཟེར། བོད་ཀྱི་འགུར་ལྷ་བཅུ་གསུམ་གྱི་ཆེ་བ་སྟེ། ཐོག་ཙེའམ་འཕན་ཡུལ་བྲག་དཀར་བྱ་བའི། ཕུག་པ་སྟེ་རྨའི་འདུ་གནས་ལས་བཤད། ཁ་ཅིག་གིས་བྲག་དམར་ཟེར་བ་ལྟར་དེང་སང་དབུས་དང་འཕན་ཡུལ་ས་མཚམས་ཀྱི་བྲག་དཀར་མོ་ཟེར་བ་རྫོང་ཆེན་དང་བཅས་པ་དེའོ། །སྤ་དྲོ་ནས་འཕན་ཡུལ་འགྲམ་ར་ཕུག་མོ་དང་། མ་རྒྱུད་ནས་འཕན་ཡུལ་རྩ་རི་ཟེར་རོ། །སྟོང་རྒྱུང་གི་གནམ་མཚོ་ཕྱུག་མོ་སྟེ། དེང་སང་ཡང་མ་ཆག་སེ་མོ་དོ་བྱ་བའི་ཕྱི་དོ་ལ་སྟོང་རྒྱུང་གིས་མཚོ་སྨན་བཏུལ་བས། མཚོ་ལྷུད་ཚེ་ཕྱག་གིས་གཤང་འཕང་གནམ་སྐར་དང་བཅས་པ་ཡོད་དོ། །འདུ་གནས་ཀུན་ལ་ཟིན་པའོ། །མ་རྒྱུད་ནས་ཐང་ཤིང་རྒྱལ་བ་དང་སྟག་ཚལ་དང་། མར་ལུང་དང་། འཕན་ཡུལ་བཞི་འདིའི་གནས་ལག་ཏུ་བཤད་དོ། །དེ་ནས་གནས་ཆེན་ཉེར་བཞིའི་ཐ་མ་མདོ་གམ་གནས་ཆེན་ལ། དབུས་ཕྱོགས་རྨ་རི་དེལ་གསུམ་དང་། གནས་ལག་བཞི་ལ། ཤར་ཕྱོགས་ཁ་ཤུ་རས་འདེབས། བྱང་ཕྱོགས་བྱང་ལྷ་དྲུག་སྟོང་། ནུབ་ཕྱོགས་ཚ་བ་རོང་བཙན། ལྷོ་ཕྱོགས་བཞག་ར་ལྷ་རྩེ། ཟེར་ཡང་དེ་ལྔ་འདིར་མ་བཤད་པ། གོང་གི་རུ་མཚམས་རྨ་ཤེ་ལེ་རྒྱ་སྐར་ཟེར་བ་དང་གཅིག་ཀྱང་སྲིད་དོ། །སེ་ལྡེ་མེ་ཉག་གསུམ་གྱིས་སློབ་དཔོན་སྟོང་རྒྱུང་ལ་དུས་གཅིག་ལ་ཞུས་ནས། བཀའ་རྒྱ་བཀྲོལ་བས་སྟོང་གསས་མིང་སྐད་དོ། །སྤ་དྲོའི་འདུ་གནས་ལ་སྟོད་མང་མཁར་དུ་བཤད་པ་དེའི་ཕུག་པ་ལ་སྒྲུབ་ཅིང་། སད་ཀྱི་དེ་ཡན་ཆད་གཅིག་རྒྱུད་ཡིན་པ་ལ་སྟོང་རྒྱུང་གིས་བཀའ་རྒྱ་བཀྲོལ་བ་མཆོག་གི་དངོས་གྲུབ་བསྙེམས་པ་དང་། དབལ་མོ་འཕྲག་དོགས་པས་ལྷོ་གཏེར་ལ་སོགས་ནུབ་པའི་རྩ་བ་ཡང་དེས་བྱས་སོ། །ཞེས་སོ། །ལྷོ་བྲག་ནས་སྟོང་རྒྱུང་གི་གནས་ཡེར་(ཡར་)ལུང་རབ་གོང་དང་། ཤ་རི་ལ་ཁྱུང་ལུང་དང་། མེ་ཉག་ལ་མང་མཁར་དང་། ལྡེ་བོན་ལ་གླང་གི་གྱིམ་ཤོད་དུ་བཤད་དོ། །གཤེན་སྒོམ་ཆེན་གྱིས་ཕུའི་བྲག་དཀར་མཚོ་རྔ་དང་མདའི་བྲག་དཀར་འཛོམས་པའི་འབྲིང་མཚམས་ཀྱི་དམིག་ལས་སྒྲུབ་པ་ཡིན་ནོ། །འགྲེལ་ལས། དེ་མ་བཤད་ནས། གོང་མ་བརྒྱད་ལ་དངོས་གྲུབ་བསྙེམས་པའི་གནས་བརྒྱད་ཟེར་ཡང་། འདིར་དཔེ་ཁ་བཀང་པས་དགུར་བྱས་པའོ། །དེ་ཕྱིན་ཆོད་ནི་སྒོམ་ལེགས་ཀྱིས་ཉང་སྟོད་ཀྱི་དཀྱིལ་མཁར་བྱ་བ་གནམ་ས་འཁོར་ལོའི་དབྱིབས་སུ་ཡོད་ཅིང་བྲག་སྔོན་ནག་ལ་ཡོད་པའི་ཕུག་པ་སྟེ། སློབ་དཔོན་སྟོང་རྒྱུང་གི་སྒྲུབ་གནས་ཡིན་ཞེས་གཤེན་ཆེན་གྱི་ལུང་ནས་བྲག་ཕུག་གི་བཙན་རྒོད་བཏུལ་བཀའ་སྲུང་དུ་བསྐོས། དབང་ཀུན་རྫོགས་པར་བསྐུར་བའི་སྒྲུབ་གནས་ཡིན་ནོ། །གསུམ་པ་ནི་གནས་གང་དུ་སོགས་ཀྱི་མདོར་བསྡུ་བ་དང་བཅས་པའི་རྩིས་འགོ་གསུམ་པའི་འགྲེལ་པ་བསྟན་ཟིན་ཏོ། ། ” ཞེས་སོ།། །།