དགོན་སྡེའི་སློབ་གཉེར་བའི་སྐོར་ལ་བཅར་འདྲི།
ལག་བསྟར་བ། དོ་དམ་པ། · ཟླ་བརྒྱད་པ། 3, 2020
<< བོན་གྱི་དྲིས་ལན་དྲ་མཛོད་ >> ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༥ ཉིན་དབུ་བརྙེས་པ་ནས་བཟུང་ངེད་ཚོས་སོ་སོའི་སློབ་གཉེར་དང་ལས་ཀའི་བར་གསེང་ནས་ཞང་བོད་ཀྱི་རིག་གནས་སྤྱི་དང་། སྒོས་སུ་གཡུང་དྲུང་བོན་གྱི་ལྟ་གྲུབ་དང་ལོ་རྒྱུས་སོགས་དེང་རབས་ཆ་འཕྲིན་གྱི་ལམ་ནས་འདིའི་ཕྱོགས་སུ་ཐུགས་སྣང་ཡོད་རིགས་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་རྩོམ་ཡིག་གང་མང་ཞིག་སྤེལ་བཞིན་ཡོད་པས། རྒྱལ་ཕྱི་ནང་ཁག་ནས་ཀློག་པ་པོ་དང་ཞིབ་འཇུག་པ་གང་མང་ཞིག་གིས་བསྟོད་བསྔགས་དང་རྒྱབ་སྐྱོར་ཚད་མཐོར་གནང་བཞིན་ཡོད།
དེར་འབྲེལ་ << བོན་གྱི་དྲིས་ལན་དྲ་མཛོད་ >> ངོས་ནས་འཆར་གཞི་དང་ལས་དོན་གང་མང་ཞིག་གྲ་སྒྲིག་ཡོད་པའི་ནང་གསེས་མི་སྣར་དྲི་བ་དྲིས་ལན་ཞུ་རྒྱུའི་ལས་ཚན་ “ ཞང་བོད་གླེང་སྟེགས་” ཀྱི་མི་སྣར་དྲི་བ་དྲིས་ལན་ནི་བླ་སྤྲུལ་དང་། དགེ་རྒན། ཞིབ་འཇུག་པ། ཆེད་མཁས། སྒྱུ་རྩལ་བ། སློབ་གཉེར་བ་སོགས་ཅི་རིགས་འདུས་པའི་ལེ་ཚན་ཞིག་ཡིན།
འདིར་བཀའ་དྲི་ཞུ་ཡུལ་རྣམ་པར་ཆེ་མཐོང་གུས་བཀུར་ཆེད་དོ་བདག་གི་མཛད་རྣམ་ཆེས་བསྡུས་པ་རེ་འགོད་བཞིན་ཡོད་པ་ལས་ལོ་རྒྱུས་ཆ་ཚང་འགོད་པར་སྟབས་བདེ་མིན་ལ་སོང་དེ་ལུགས་ཐུགས་ལ་འཇགས་པ་ཞུ་རྒྱུ་དང་། དེ་བཞིན་འདིར་འཁོད་པའི་དྲིས་ལན་རྣམས་བཀའ་ལན་གནང་མཁན་རང་གི་དགོངས་ཚུལ་ལས་ངེད་དྲ་བའི་རྩོམ་སྒྲིག་ཁང་གི་ལྟ་བ་དང་ལང་ཕྱོགས་ཡིན་པའི་ཁྱབ་པ་མེད་པས་དེ་ལུགས་ངེས་དགོས་སོ།། །།
༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཁྲི་གཙུག་བསྟན་པ་ལགས་ནི། ཕྱི་ལོ་ ༡༩༨༧ ལོར་ཁྱུང་ཡུལ་ངས་གཞུང་གི་འབྲོག་ཁྱིམ་ཞིག་ཏུ་འཁྲུངས། དགུང་ལོ་བདུན་ནས་བཟུང་རྒན་ཟེ་བ་བསོད་ནམས་ཕུན་ཚོགས་དྲུང་ནས་བོད་ཡིག་སྦྱོར་ཀློག་དང་ཆོ་ག་ཕྱག་ལེན་སྐོར་སྦྱངས་པ་གནང་། དགུང་ལོ་དགུ་ཐོག་ངས་པ་མར་ཁུ་དགོན་གྱི་འཚོགས་གྲལ་ལ་ཞུགས། དེ་རྗེས་རྩེ་དྲུག་ཏུ་ཕེབས་ཏེ་རྣལ་འབྱོར་ནམ་མཁའ་རྒྱལ་མཚན་མདུན་ནས་སྔོན་འགྲོ་དངོས་གཞི་སོགས་ཞུས་ཏེ་རབ་ཏུ་བྱུང་།
ཕྱི་ལོ་ ༢༠༠༢ ལོར་རེ་ནེ་དགོན་དུ་བླ་མ་གཙུག་ཕུད་ཚུལ་ཁྲིམས་མདུན་ནས་རྩ་རླུང་སོགས་སྦྱངས། ཕྱི་ལོ་ ༢༠༠༣ ལོར་ཁྱུང་པོ་སྟེང་ཆེན་དགོན་དུ་སྒྲུབ་གྲྭར་ཞུགས་ནས་བླ་མ་རྒྱ་མཚོ་ནོར་བུ་རིན་པོ་ཆེ་དང་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གཙོས་པའི་དགེ་རྒན་རྣམས་ཀྱི་དྲུང་ནས་གྲུབ་དབང་ཤར་རྫ་བའི་མཛོད་ཆེན་རྣམ་ལྔ་དང་ཐུན་མོང་རིག་གནས་སྐོར་ལོ་བཞི་ལ་སྦྱངས་རྗེས་སྒྲུབ་གྲྭར་ཐོན།
ཕྱི་ལོ་ ༢༠༠༧ ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གདན་ས་༧ཁྲི་བརྟན་ནོར་བུ་རྩེར་ཕེབས་ནས་བཤད་གྲྭའི་ཁོངས་སུ་ཞུགས་ཏེ་ད་བར་གདན་སའི་མཁན་སློབ་རྣམ་པ་གཙོས་པའི་དགེ་རྒན་རྣམས་ཀྱི་བཀའ་དྲིན་འོག་མདོ་སྔགས་རིག་གནས་བཅས་ལ་ཐོས་བསམ་སློབ་གཉེར་གནང་མུས་སུ་མཆིས།
སྔ་རྗེས་སུ་གྲུབ་མཐའ་རིས་མེད་ཀྱི་མཁས་པའི་གཞུང་ལུགས་བགྲོ་གླེང་དང་ཟབ་སྦྱོང་གང་མང་ཞིག་ལ་མཉམ་ཞུགས་མཛད། ད་ཆར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ ༢༦ པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་། ཞོར་དུ་མེ་ལོང་ཡེ་ཤེས་དྲ་བའི་ལག་བསྟར་རྩོམ་སྒྲིག་པའི་ཕྱག་ལས་གནང་བཞིན་ཡོད་པ་བཅས་སོ།། །།
དགོན་སྡེའི་སློབ་གཉེར་བའི་སྐོར་ལ་བཅར་འདྲི།
༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་དྲུག་པའི་ཚོགས་གཙོ་ལས་ཐོག་པ། ཁྲི་གཙུག་བསྟན་པ་ལགས་ཁམས་བཟང་། ངེད་<< བོན་གྱི་དྲིས་ལན་དྲ་མཛོད་ >> ནས་སྐུ་ཉིད་ལ་དགོན་སྡེའི་སློབ་གཉེར་གནང་ཕྱོགས་སྐོར་ན་བཀའ་འདྲི་ཁ་ཤས་ཞིག་འབུལ་བཞིན་ཡོད་པས་སྐུ་ཉིད་ནས་དེ་ལུགས་བཀའ་ལན་གནང་རོགས།
ལགས་སོ། << བོན་གྱི་དྲིས་ལན་དྲ་མཛོད་ >> ཀྱི་གཙོ་སྒྲུབ་རྣམ་པ་སྐུ་ཁམས་བཟང་། ཐོག་མར་ཕྲན་ལ་བོང་བ་གསེར་གཟིགས་ཀྱིས་དྲི་བ་དྲི་ལན་གྱི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། ཐེངས་འདིར་དྲི་ལན་འབུལ་རྒྱུ་དེ་སྤྱི་ཚོགས་ཞིག་གི་ཚབ་མཚོན་བྱེད་ནས་ཞུ་བ་དེ་འདྲ་མིན་ལ། རྒྱ་ཆེའི་དགོན་སྡེ་ཁག་གི་ནང་བསྟན་སློབ་གཉེར་ཡར་སྐུལ་དང་། འཛིན་སྐྱོང་གི་ཁ་ཕྱོགས་ལ་འགྱུར་བ་གཏོང་ནུས་པའི་གསལ་འདེབས་དེ་འདྲ་གང་ཡང་ཞུ་གཏོང་རྒྱུ་མེད། ལྷག་ཏུ་འདྲི་བ་པོའི་འདོད་བློ་ཁེངས་པའི་ལན་སྤུས་དག་པོ་གཅིག་ལན་གཉིས་ལན་རྡོ་ཚན་ལ་ཆུ་འཐིགས་པ་ལྟ་བུ་ཞིག་ཏག་ཏག་ཡོང་མིན་མི་ཤེས་མོད། ཡིན་ནའང་རང་ཉིད་སྒེར་གྱི་བསམ་ཚུལ་བཅོས་མིན་ལས་བརྩམས་པའི་སྤྱི་བཤད་ཀྱི་ཚུལ་དུ་དྲི་ལན་ཐ་ཐོར་ཞིག་འབུལ་ཆོག
དྲི་བ། དེང་སྐབས་དགོན་སྡེ་ཕལ་མོ་ཆེའི་ནང་དུ་བོད་ཀྱི་ནང་དོན་རིག་པའི་གཞུང་ལུགས་ལ་སློབ་གཉེར་གཙོ་བོ་གནང་གི་ཡོད། དེའི་ཁྲོད་ནས་སློབ་ཚན་གྱི་མ་འདང་བའི་ཆ་དང་། ཁ་ཚ་དགོས་གཏུག་གི་སློབ་ཚན་སོགས་གསར་སྣོན་བྱེད་དགོས་པ་འདུག་གམ།
ལན། སྤྱིར་བཏང་སློབ་གཉེར་ཡོད་སའི་དགོན་སྡེ་ཕལ་མོ་ཆེའི་ནང་དུ། ཆོས་ལུགས་དང་ཆོས་བརྒྱུད་སོ་སོའི་ཡིག་ཆ་དག་གཞིར་བཟུང་ཐོག དགོན་པ་སོ་སོའི་ནང་གི་གལ་ཆེར་བརྩི་སའི་མཁས་པ་རྣམས་ཀྱི་གསུང་རྩོམ་ཁག་སློབ་གཞི་གཙོ་བོར་བཟུང་ནས་དེ་དག་གི་བཞེད་སྲོལ་ལས་མ་འདས་པར་སློབ་སྦྱོང་གནང་དང་གནང་མུས་བཞིན། སྤྱི་ཕན་བྱ་བཞག་དང་འབྲེལ་བའི་གྲུབ་འབྲས་ཀྱང་གང་ལ་གང་འཚམ་ཐོན་བསྡད་པའི་རྣམ་པ་རེད། ད་ལྟའི་བོན་གྱི་བྲུ་ཞུ་སྤ་རྨེ་གཤེན་དང་། ཆོས་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་ཟེར་བ་འདི་དག བོན་ཆོས་ཀྱི་གྲུབ་མཐའི་ནང་གི་ཆོས་བྱེད་མི་སྣ་འབུར་དུ་ཐོན་པ་འགས། ས་ཆའི་ངོས་ནས། དགོན་པའི་ངོས་ནས། གང་ཟག་གི་ངོས་ནས། གདམ་པའི་ངོས་ནས། ཆོ་ག་ཕྱག་ལེན་བཅས་ཀྱི་ངོས་ནས་ཐ་སྙད་མི་འདྲ་བ་རེ་རེ་བཏགས་ཏེ་རྒྱུད་འཛིན་བྱེད་པ་ཙམ་ལས། ཐོག་མ་ནས་གནད་དོན་གཅིག་ལ་ཕྱི་ནང་གི་གྲུབ་མཐའ་ལྟ་བུ་འགལ་འདུའི་ལྟ་གྲུབ་མི་འདྲ་རེ་རེ་བཟུང་བའི་དབང་གིས་སྡེ་ཁག་སོ་སོར་གྱེས་པ་མིན་སྟབས་གཞི་རྩའི་ཆ་ནས་བསླབ་གཞི་མཐུན་པའི་ཆ་མང་པོ་ཡོད།
སྤྱིར་དགོན་སྡེ་མང་ཆེ་བའི་སློབ་ཚན་བཞག་སྟངས་ནི་ཆོས་རྒྱུད་སོ་སོའི་དགོན་པ་ཆེ་ཁག་ལ་དཔེ་བལྟས་ཏེ་པར་ལོག་རྒྱག་པ་ནང་བཞིན་བྱེད་ནས་འདི་མི་འདུག་ཟེར་རྒྱུ་མེད་པ་མང་ཐག་ཆོད་ཅིག་བཞག་རྗེས། མཐོ་རབས་བཟང་རབས་ཀྱི་བླ་དྭགས་ཆེ་མ་དྲགས་ན་ཆུང་མེད་པའི་བཟོ་འདྲ་འདུག ཡིན་ན་ཡང་སློབ་དགེའི་ཆ་རྐྱེན་དང་། སློབ་ཚན་འཁྲིད་ཐབས། སློབ་དུས་གཏན་འབེབས། སློབ་གཉེར་འཛིན་སྐྱོང་བཅས་ཀྱི་ཐད་ནས་སྲོལ་རྒྱུན་གྱི་སྒྲོམ་གཞི་གཅིག་གི་ནང་ལ་རང་འཛུལ་བསྡད་པ་མ་ཡིན་པ། སྒྲོམ་གཞི་དེ་ལས་བརྒལ་ཏེ་དུས་རབས་ཀྱི་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལེགས་བཅོས་སམ་འགྱུར་བ་ཞིག་མ་བཏང་རང་བཏང་ཆགས་ཡོད་ཕྱིར། རྒྱ་ཆེའི་དགོན་སྡེ་ཁག་ནས་ལག་བསྟར་དེ་ལུགས་སུ་གནང་དང་གནང་བཞིན་ཡོད་ཀྱང་ད་དུང་མ་འདང་པའི་སྟོང་ཆ་ཅི་རིགས་ཤིག་ཡོང་གི་ཡོད། དཔེར་ན་སྔོན་ནས་གལ་ཆེན་པོ་བརྩིས་བསྡད་པ་དེ་ད་ལྟ་ཡང་གལ་ཆེན་པོ་ཡིན་དགོས་པ་དང་། སྔོན་ནས་གལ་ཆེན་མིན་ན་ད་ལྟའང་དེ་ཙམ་གལ་ཆེན་མིན་པའི་ལྟ་སྟངས་ཤིག་གིས་མིག་སྔར་གྱི་ལེགས་ཆ་མང་པོ་ཞིག་དང་ལེན་བྱེད་མ་ཐུབ་པའི་གནས་སྟངས་ཀྱང་ཡོང་གི་འདུག དེ་ལས་ཁ་ཚ་དགོས་གཏུག་གི་ལག་ལེན་དགོས་པ་ནི། ཉེ་འདོད་རིང་དུ་སོང་བའི་སྐྱོན་དོར་ནས་དུས་རབས་ཀྱི་རྗེས་རྙོབ་པའི་སློབ་ཚན་ཞིག་བསྐྲུན་དགོས་པ་གལ་ཆེ་བས་འདིར་དོན་ཚན་ལྔར་བསྡུས་ཏེ་ལན་འབུལ་རྒྱུ་ཡིན།
༡) རང་དང་རང་འདྲའི་དགོན་སྡེའི་སློབ་གཉེར་བ་མང་པོ་ཞིག་ཁྱབ་མཐའ་ལ་བཅར་དྲགས་ནས་ཚིག་གི་འབྲུ་འགྲེལ་ལ་སྣང་ཆུང་ཤོར་བའི་སྐྱོན་ཞིག་ཡོད། གཞུང་ལུགས་ཀྱི་གོ་དོན་གཙོ་བོ་ཚིག་གི་འབྲུ་འགྲེལ་ལ་ཡོད་ཅིང་ཁྱབ་མཐའ་ལ་མེད། ང་ཚོ་དུས་རྒྱུན་དཔེར་ན་”གཏན་ཚིགས་”ལྟ་བུའི་སྐོར་ནས་དྲི་རྩོད་གནང་ན། གཏ༵ན་ཞེས་པའི་དོན་དང་། ཚིག༵ས་ཞེས་པའི་དོན་ཇི་ལྟར་ཡིན་མིན་དོ་སྣང་བྱེད་སྲོལ་ཞེ་དྲག་མེད་ཅིང་། དོན་ཟབ་མོ་དེ་ཁྱབ་མཐའི་སྟེང་ལ་ཡོད་པར་རློམ་ནས། ཁྱབ་མ་ཁྱབ་སྐོར་ལ་རང་དབང་མེད་པར་བང་ཁ་ཤོར་འགྲོ་བ་ལྟ་བུ་རེད། བྱས་ཙང་འབྲུ་འགྲེལ་ལ་ཐུགས་སྣང་ཆེ་ཙམ་གནང་ན་དོན་ལ་ཉེ་བཅར་ཡོང་བར་ཕན་པོ་ཡོད།
༢) ལུགས་སོ་སོའི་རང་ཕྱོགས་ཀྱི་མཁས་པའི་འདོད་ཚུལ་ལ་ཉེ་བར་བཅར་དྲགས་ནས་སངས་རྒྱས་ཀྱི་བཀའ་ཡང་རིང་དུ་ལུས་པའི་སྐྱོན་ཞིག་ཡོད། སྲོལ་རྒྱུན་གྱི་འགྲོ་སྟངས་དེ་ཡང་ཕྱོགས་གཅིག་ནས་སངས་རྒྱས་ཀྱི་བཀའ་བས་མཁས་པའི་གསུང་བཙན་པ་ལྟ་བུ་ཞིག་སྟེ། དཔེར་ན། རི་རྒྱལ་ལྷུན་པོའི་སྐོར་གཅིག་པུ་མཚོན་ན་གྲུབ་མཐའ་རེ་ལ་རི་རྒྱལ་ལྷུན་པོ་འདོད་སྟངས་རེ། མཁས་པ་རེ་ལ་རི་རྒྱལ་ལྷུན་པོ་འདོད་སྟངས་རེ་བྱུང་སྟེ་འབྲེལ་ཡོད་སོ་སོའི་དགོན་སྡེ་ཁག་གི་སྒོ་མཆོར་དུ་རང་ལུགས་ཀྱི་མཁས་པས་རི་རྒྱལ་བཞེད་ཚུལ་འདི་ཡིན་ཟེར་ནས་གཙིགས་ཆེར་འཛིན་ནས་སོ་སོར་བྲི་སྲོལ་ཡོད་པ་ལྟ་བུ་རེད། ད་དུང་ཕར་ཕྱིན་ལྟ་བུ་བརྗོད་གཞི་གཅིག་ལ་མཁས་པའི་བཞེད་པ་དང་བསྟུན་ནས། དབུ་མ་དང་། འདུལ་བ། ས་ལམ། ཤེར་ཕྱིན་སོགས་རྩོད་དང་རྩོད་སྤོང་གི་གཞུང་སྔ་ཕྱི་ཇི་སྙེད་ཅིག་བརྩམས་ཡོད་པ་དེ་དག་མིང་མི་འདྲ་ལ། དོན་ཕལ་ཆེར་སྐྱོར་ཟློས་ཀྱི་རང་བཞིན་ཅན་དུ་གྱུར་པ་རྣམས་ལོ་མང་རིང་གི་སློབ་ཚན་དུ་བཞག་སྲོལ་ཡོད་པ་དག་འགྱུར་བ་ཅུང་ཙམ་ཞིག་བཏང་ན་ལེགས་པར་སེམས། དང་པོ་མཁས་པའི་བཞེད་པ་སྙིང་བསྡུས་བྱས་ཏེ་སྦྱངས། གཉིས་པ་བཀའ་རང་སློབ་ཚན་དུ་བཞག་སྟེ་སྦྱངས་ན་མཁས་པའི་བཞེད་ཚུལ་བརྒྱུད་ནས་མཐའ་མའི་བབས་སོ་བཀའ་ཡི་དགོངས་པ་ལ་བསྐྱལ་བས་སྟོན་པ་ཉིད་ཀྱི་བཞེད་པ་ཇི་བཞིན་གསལ་ཐུབ་པའི་དགོས་ཕན་ཡོད་པར་སེམས། སྤྱིར་བཏང་མཁས་པའི་བཞེད་པ་བཀའ་དང་འབྲེལ་ཀྱང་བཀའ་ཉིད་སློབ་ཚན་དུ་བཞག་ནས་སྦྱང་པ་དང་ཁྱད་ཡོད་པར་སྣང་།
༣) དགོན་སྡེའི་སློབ་ཚན་ནང་དུས་རབས་ཀྱི་རྗེས་རྙོབ་ཕྱིར་ཉེར་མཁོའི་སློབ་ཚན་འགར་གསར་སྣོན་དགོས་གལ་ཆེ་ཞིང་། དགོན་སྡེའི་སློབ་གཉེར་བ་རྣམས་གཞུང་ཆེན་པོ་ལ་མཐོ་བརྙབ་བྱེད་དྲགས་ནས་རྒྱུན་ཤེས་སོགས་ཉེར་མཁོའི་རིགས་ལ་སྣང་ཆུང་ཤོར་བའི་སྐྱོན་ཆེན་པོ་ཡོང་གི་ཡོད། ཆུང་ས་ནས་དཔེར་མཚོན་ཏེ་བཤད་ན་རབ་འབྱམས་པའི་མཚན་རྟགས་འཆང་བ་འགར་མིང་རྟགས་རྒྱག་རྒྱུ་ཙམ་ལ་དཀའ་ངལ་འཕྲད་པའི་གནས་སྟངས་ཤོད་སྲོལ་ཡོད་པ་ནང་བཞིན་རེད། མདོར་ན། བརྒྱ་ཕྲག་ཉེར་གཅིག་པའི་དུས་རབས་འདི་དང་འོས་ཤིང་འཚམ་པའི་དགོས་ངེས་ཀྱི་ལེགས་ཆ་ཁག་བླངས་ཏེ་བསམ་བློའི་ནུས་པ་སྐྱེད་བསྲིང་གཏོང་དགོས་རྒྱུ་དེ་གལ་ཆེན་རེད་འདུག་བསམ་ཡོད།
༤) ཡང་དེང་གི་ཆར་ནང་བསྟན་སློབ་ཚན་དང་འབྲེལ་བའི་སྤྱི་ཚོགས་ཀྱི་དྭོགས་འདྲིའི་ཁ་ཕྱོགས་འགྱུར་བ་བཞིན། ལན་འདེབས་སྟངས་ཡང་དེ་ལུགས་མ་གནང་རང་གནང་ཆགས་ཡོད། དཔེར་ན། སྲོལ་རྒྱུན་ལྟར། ནང་བསྟན་རིག་གཞུང་གི་རྩ་བའི་རྨང་གཞིར་གྱུར་པའི་སྐྱེ་བ་སྔ་འཕྱི་དང་ལས་འབྲས་ནི། ཤིན་ཏུ་ལྐོག་གྱུར་ཡིན་པས་དངོས་སྟོབས་ཀྱི་རིགས་པས་བསྒྲུབ་མི་ནུས་ཀྱང་། སངས་རྒྱས་ཀྱིས་གསུངས་པའི་ལུང་དྲངས་ཏེ་ལུང་ཚད་མས་གནོད་པ་མེད་པའི་ཐོག རྟགས་སྦྱོར་འགའ་ཤས་བཀོད་པ་ལ་བརྟེན་ནས་ཡིད་ཆེས་པའི་རྗེས་དཔག་སྐྱེས་ན་འགྲིག་བསྡད་པའི་སྐད་ཆ་རེད་དེ། གལ་ཏེ་ལུང་འདྲེན་ས་མེད་པའི་ཆོས་མེད་སྨྲ་བའི་ཚན་རིག་པ་ལྟ་བུས་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཀྱི་རྣམ་བཞག་དང་འགལ་བའི་དྲི་བ་བཏོན་ན། ཞེས་གསུངས་པའི་ཕྱིར་ལབ་ན་ཐུགས་ཕན་མི་སོས་པས། དེ་འདྲའི་རིགས་ལ་གོ་བརྡ་ཇི་ལྟར་སྤྲོད་དགོས་མིན་སོགས་ཀྱི་ཐད་ནས་ངེས་པར་རྩལ་འདོན་ནས་གླེང་སློང་དགོས་པའི་གནས་བབས་སུ་གྱུར་ཡོད་ལྟ་བུ་རེད།
༥) ད་དུང་སློབ་གླིང་ཆེ་ཁག་རིགས་ཡིན་ན་དམིགས་བསལ་གྱི་ཆེད་སྦྱོང་སྡེ་ཚན་དང་། ཆེད་སྦྱོང་གང་ཞིག་བྱས་ན་དེའི་སློབ་སྟོན་པ་ཞིག་དགོས་གལ་ཆེ། གལ་ཏེ་སྤྱི་ཚོགས་གཞན་ནས་ཤེས་བྱ་དོན་གཉེར་ཅན་ཞིག་སླེབས་ཡོང་ན། ཁྱོད་རང་མཛོད་ཀྱི་སྐོར་དགེ་རྒན་འདི་ལ་དྲིས། འདུལ་བའི་སྐོར་དགེ་རྒན་འདི་ལ་དྲིས་ཟེར་ནས་རིག་གནས་དང་གཞུང་ལུགས་ཀྱི་ཕྱོགས་གང་ཡིན་ན་ཆེད་མཁས་སློབ་སྟོན་པ་ཞིག་ངེས་པར་དགོས་ཀྱི་འདུག སློབ་ཚན་གང་བཞག་ན་དེ་ལ་ཆེད་མཁས་ཀྱི་སློབ་སྟོན་དགེ་རྒན་རེ་མེད་ན་སློབ་ཚན་དེ་མིང་ཙམ་གྱི་སློབ་ཚན་ཞིག་རང་བཞིན་གྱིས་ཆགས་འགྲོ་ཡི་ཡོད་རེད། རང་ཉིད་སྦྱོང་བརྡར་ཡོང་ཕྱིར་མི་ཤེས་བཞིན་དུ་ཧམ་འཁྲིད་བྱེད་མཁན་གྱི་དགེ་རྒན་ནི་སློབ་མའི་ཁུར་པོ་དང་། དགེ་རྒན་གྱི་རྐང་འདྲེན་ཡིན་པས་གནད་དོན་དེའི་ཐད་ནས་གཙོ་བོ་དགེ་རྒན་རང་ངོས་ནས་དགེ་རྒན་ལ་བྱེད་རྒྱུར་དགའ་ལོད་ཀྱི་སྐད་ཆ་མ་ཡིན་པར། སོ་སོའི་གནས་ཚད་ངོས་ལེན་ཤེས་པའི་སྒོ་ནས་སོ་སོས་ཚོད་འཛིན་དེ་ལུགས་དགོས་པ་ཞིག་ཡིན། དེང་སང་ས་གནས་འགའ་རེ་ལ་ཆ་མཚོན་ན། ས་ཁུག་རེ་ལ་དགོན་པ་རེ། དགོན་པ་རེ་ལ་སློབ་གཉེར་བའི་མིང་གདགས་གཞི་རེ་དང་། སྦྱོང་ཚན་རྣམ་གྲངས་མང་ཐག་ཆོད་ཅིག་བགྲང་རྒྱུ་ཡོད་ཀྱང་དེ་དག་སྤུས་ཚད་ཡོད་པའི་སློབ་གཉེར་སྤྲད་ཐུབ་མཁན་བརྒྱ་ལས་རེ་འགའ་ཙམ་དུ་ཆགས་པ་ཡང་རྩ་བ་དགེ་རྒན་ཡག་པོ་མ་རྙེད་པའི་རྐྱེན་གྱིས་ཡིན། རྒྱུ་མཚན་དེ་དག་བརྟེན་ནས། ཁྱེད་ཀྱིས་ག་རེ་སྦྱངས་ཡོད་ལབ་ན། འདི་མ་སྦྱངས་ཟེར་རྒྱུ་མེད་པ་ཞིག ཁྱེད་ཀྱིས་ག་རེ་ཤེས་སོང་ལབ་ན། འདི་ཤེས་སོང་ཟེར་རྒྱུ་མེད་པའི་གནས་སྟངས་དེ་ཡོང་གི་ཡོད་རེད། སློབ་ཐོན་པའི་ཕྱག་འཁྱེར་ལ་བཅུ་ཕྲག་རིག་གནས་མཐར་ཕྱིན་པའི་ཆོ་ལོ་བསྩལ་བ་མི་ཉུང་པ་ཡོད་ཀྱང་། གང་ཟག་གཅིག་གིས་བཅུ་ཕྲག་རིག་ཆ་ཚང་གནས་ཚད་ཕེར་ཤེས་པ་དཀོན་དཀོན་ཡིན་པ་མ་ཟད། དགོན་པ་གཅིག་གི་ནང་ལ་རིག་གནས་དང་གཞུང་ལུགས་ཆ་ཚང་དཔྱིད་ཕྱིན་པ་སྦྱོང་ཆོག་ཆོག་ཅིག་ཀྱང་དཀོན་ཚོད་དུ་སྣང་། གཞུང་ལུགས་ཀྱི་སློབ་སྦྱོང་ཡག་པོ་ཡོད་སར་རིག་གནས་ཕྱོགས་རེ་བ་དང་། རིག་གནས་ཡག་པོ་ཡོད་སར་གཞུང་ལུགས་ཉིན་ཚེ་བ། ལག་ལེན་ཡོད་ས་ལ་བཤད་སྲོལ་དོ་སྣང་ཆུང་། བཤད་སྲོལ་ཡོད་ས་ལག་ལེན་དེ་ཙམ་མེད་པའི་བཟོ་འདྲ་ཞིག ཆ་མ་སྙོམས་པའི་གནས་སྟངས་ཤིག་རང་བཞིན་གྱིས་ཡོང་གི་འདུག གནས་ཚད་ཡོད་པའི་རིགས་གཅིག་རྐང་འཛིན་པ་ཡང་བརྒྱ་ཆ་བགོས་ན་གྲང་ཆུང་དུ་ལུས་ཚོད་རེད་བསམ། དེ་ཡང་དཔེར་ན་དགོན་སྡེའི་སློབ་ཐོན་པ་བརྒྱ་ཡོད་ན། དེའི་ནང་དུ་ཤེས་ཡོན་ཆ་ཚང་འཛོམས་པ་ག་ཚད་ཡོད། ཤེས་བྱའི་རིགས་གཅིག་ལ་མཁས་པ་ག་ཚད་ཡོད། ཕྱི་ཚུལ་ཙམ་འཆང་ནས་མི་རྒྱབ་ཁྱི་འགྲོ་བྱེད་མཁན་དུ་ཡོད་བཅས་གྲངས་ཀ་བརྩིས་ན་ཤེས་ནུས་སོ། །
དྲི་བ། དགོན་སྡེའི་སློབ་གཉེར་བས་བོད་ཀྱི་རིག་གནས་འཛིན་སྐྱོང་དང་། ལྷག་ཏུ་ད་ལྟའི་དུས་སུ་རིག་གནས་ཀྱི་འཛིན་སྐྱོང་ཐད་ལ་དམིགས་བསལ་གྱི་ནུས་པ་ག་འདྲ་ཐོན་གྱི་ཡོད།
ལན བོད་ཀྱི་ཤེས་རིག་ཀྱི་ངོས་ནས་བཤད་ན། དགོན་སྡེ་ནི་བོད་ཀྱི་ཤེས་རིག་གི་བང་མཛོད་ཡིན་ལ། དགོན་སྡེའི་སློབ་གཉེར་བ་ནི་བང་མཛོད་ཀྱི་བདག་པོ་རྒྱུས་ཡོད་དེ་ཡིན། སྤྱི་ཚོགས་གསར་རྙིང་གཉིས་ཀ་ལ་བོད་ཀྱི་ཤེས་རིག་ཐད་དགོན་སྡེའི་སློབ་གཉེར་བས་ནུས་པ་མཉམ་སྤུངས་ཀྱིས་ལག་རྗེས་ཆེན་པོར་བཏོད་ཡོད་པ་མ་ཟད། དེང་གི་ཆར་ལྟ་བུར་མཚོན་ན་འཛམ་གླིང་ཁྱོན་ཡོངས་ལ་བོད་ཀྱི་ཤེས་རིག་རྒྱ་བསྐྱེད་ཀྱི་ནུས་པ་ཆེན་པོར་ཐོན་ཡོད་ཅིང་། བོད་ཀྱི་སྤྱི་ཚོགས་ཁྲོད་ལ་ཡང་བོད་ཀྱི་རིག་གཞུང་གི་ཐད་ནས་དགོན་སྡེའི་སློབ་གཉེར་བས་གོ་ས་ཆེན་པོར་བཟུང་ཡོད་པ་ནི་སྨོས་མེད་ལགས་ཤིང་། ལྷག་པར་དུ་ནང་བསྟན་རིག་གཞུང་རྒྱུད་འཛིན་གྱི་བྱས་རྗེས་ཀྱང་ཆེན་པོར་བཞག་ཡོད་པ་ནི་དངོས་ཡོད་གནས་སྟངས་ཤིག་རེད་འདུག་བསམ་གྱི་ཡོད། མདོར་ན་ད་ལྟའི་ཆར་སྤྱི་ཚོགས་ཐོག་གི་ལྟ་ཚུལ་བཟང་ངན་དང་འཇོན་ནུས་ཡོད་མེད་ཁ་ཤུགས་ཆེ་ཆུང་ལ་མ་ལྟོས་པར་དོན་དངོས་ཐོག་བོད་ཀྱི་སྐད་ཡིག་རིག་གཞུང་གི་རྐང་འཛིན་ཞིང་དེ་ཁོ་ནའི་ཆེད་དུ་མི་ཚེའི་འཚོ་བ་སྐྱེལ་མཁན་ངོ་མ་དེ་དགོན་སྡེའི་སློབ་གཉེར་བའམ་སེར་མོ་བའི་སྡེ་རྣམས་ཆགས་ཡོད། ལྟོས་འཇོག་གིས་བཤད་ན་ཡར་རྒྱས་ཀྱི་རྣམ་པ་གང་འཚམས་ཕྱིན་ཡོད་དེ། སྲོལ་རྙིང་ལེགས་བཅོས་ཐོག་དེང་རབས་གསར་པའི་ལེགས་ཆ་བསྡུ་ལེན་གྱི་ནུས་པ་ཆེ་རུ་ཕྱིན་ཡོད་པ་དང་། དགོན་པ་ཁག་ལ་སྔར་སྲོལ་སློབ་གཞི་གང་ལ་གང་འཚམ་ཡོད་པའི་ཐོག་ནས། རིས་མེད་ཆོས་ལུགས་དང་ཆོས་བརྒྱུད་ཁག་མཉམ་འཛོམ་བགྲོ་གླེང་གི་གོ་སྐབས་བསྐྲུན་ཏེ་བསམ་ཚུལ་བརྗེ་རེས་དང་། མཉམ་མཐུན་མཉམ་གནས་ཡོང་ཕྱིར་གཞི་རྩའི་འབྲེལ་ལམ་བཙུགས་ཏེ་ཆོས་བརྒྱུད་ཁག་སྐྱིད་སྡུག་མཉམ་མྱོང་གི་ཚོར་བ་མངོན་པར་བྱེད་པ་དང་། གཞོན་རབས་མང་པོ་ཞིག་གིས་ཡངས་པའི་སྤྱི་ཚོགས་ལ་རྒྱང་ལྟ་བྱས་པར་བརྒྱུད་སྔར་ལས་ཀླད་པ་འགྱུར་བ་ཅུང་ཕྱིན་ཏེ་ལོ་རྒྱུས་རྙིང་པའི་ནག་ཉེས་ལ་ཞེ་སུན་ཅིང་གུ་ཡངས་ཀྱི་སྒོ་ནས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་བཟང་པོའི་ཟམ་ཆེན་ཐོག་ནས་མདུན་བསྐྱོད་བྱ་བར་བརྩོན་དང་བརྩོན་བཞིན་པ་དང་། དེ་ལྟར་བརྩོན་པའི་ཀུན་སློང་ཡོད་པ་ཇེ་མང་འགྲོ་བཞིན་པའི་རྣམ་པ་འདི་ཡང་དགའ་འོས་པ་དང་སྔར་མེད་ཀྱི་མཆོང་བསྐྱོད་ཆེན་པོ་ཞིག་བྱས་པ་ཅི་ལ་མིན།
དྲི་བ། འབྱུང་འགྱུར་གྲྭ་བཙུན་གྱི་གནས་བབ་སྲ་བརྟན་དང་། རིག་གནས་འཛིན་སྐྱོང་ཡར་བསྐུལ་གྱི་ཐབས་ལམ་ལ་ད་ལྟ་ནས་གྲ་སྒྲིག་དགོས་པ་ག་རེ་འདུག
ལན། མ་འོངས་པའི་གནས་བབ་ནི་རྩ་བ་དགོན་སྡེ་མང་ཚོགས་བར་གྱི་འབྲེལ་ལམ་དང་། སེར་མོ་བའི་ཀུན་སྤྱོད་དང་གཉིས་ལ་ཐུག་གི་ཡོད་རེད་བསམ། མང་ཚོགས་ལ་དཀའ་ངལ་འཕྲད་དུས་དགོན་པའི་ངོས་ནས་ཅི་ནུས་གང་ཕན་གྱི་རོགས་རམས་བྱེད་རྒྱུ་དེ་གལ་ཆེན་ཞིག་ཡིན། དེང་སང་དགོན་པ་འགའ་རེས་རང་ཁ་རང་གསོ་ཡིན་ཟེར་ནས་འཚོ་ཐབས་ཁེ་ལས་འདྲ་གཉེར་ཏེ། མང་ཚོགས་ལ་ལྟོས་མེད་བྱེད་ནས་མི་ན་ཤི་དུར་གསུམ་གྱི་སྐབས་ལ་ཡང་དགོས་པའི་རོགས་རམས་དང་སེམས་གསོ་མི་བྱེད་པའི་གནས་ཚུལ་ཡང་འདུག་པས། དེ་ནི་བསྟན་འགྲོ་སྤྱི་ལ་བསམ་བློ་མ་བཏང་བའི་བྱེད་སྟངས་ཤིག་རེད་བསམ། མང་ཚོགས་ལ་དཀའ་ངལ་འཕྲད་དུས་མ་ཕན་ན་ཁ་ནས་འགྲོ་བ་སེམས་ཅན་ཟེར་བ་ཡང་ཚིག་སྐམ་ཙམ་དུ་ཟད་དོ། །
མང་ཚོགས་ཀྱི་ངོས་ནས་ཀྱང་གལ་སྲིད་ཆོས་ལུགས་ལ་འདི་དགོས་ཕན་ཡོད་ན་དེ་ཉིད་སྲུང་སྐྱོབས་དང་ཆོས་བྱེད་མི་སྣ་ལ་རྒྱབ་སྐྱོར་བྱེད་རྒྱུའི་འོས་འགན་ཡོད་ཡོད་ཁ་རེད། སྤྱིར་བཏང་ཆོས་ལུགས་སུ་ཡིན་ནའང་དུས་རབས་མང་པོར་བརྒྱུད་ནས་ད་བར་མང་ཚོགས་ཀྱིས་བདག་པོ་རྒྱག་འདུག་རྒྱུ་དེ་མི་ཚེའི་ནང་ཕན་ཞིག་ཐོགས། བྲོ་བ་ཞིག་མྱོང་ནས་ཉར་བསྡད་པ་ཡིན་རྒྱུ་རེད་མ་གཏོགས། ཕན་ཐོགས་ཅི་ཡང་མེད་མཁན་དང་བེད་སྤྱོད་མེད་པ་ཞིག་ལོ་རབས་བརྒྱ་ཕྲག་མང་པོར་ཐ་ན་རང་སྲོག་གི་འགྲོ་གྲོན་ཚུན་ཀྱང་བཏང་ནས་བདག་པོ་རྒྱག་འདུག་རྒྱུ་མ་རེད་སྙམ། བྱས་ཙང་གནད་དོན་མང་པོ་ཞིག་གི་ཐད་ནས་མང་ཚོགས་ཀྱིས་བསམ་ཤེས་བྱེད་དགོས་པའི་གནས་བབ་ཅིག་འཕྲད་ཀྱི་ཡོད། མང་ཚོགས་ཀྱིས་བསམ་ཤེས་མ་བྱས་ན་ཆོས་ལུགས་ཡིན་ན་འདྲ། གྲྭ་རྒྱུན་ཡིན་ན་འདྲ། གང་ཐད་ནས་རྒྱུན་གནས་ཡོང་ཁག་པོ་རེད།
མིག་སྔར་གྱི་ཉེན་ཁ་ཚ་ཤོས་དེ་མང་ཚོགས་ཀྱི་ནང་ནས་སེར་མོ་བའི་སྡེ་ལ་ལྟ་སྟངས་ཇེ་སྡུག་ཏུ་ཕྱིན་པ་འདི་རེད་འདུག་སྙམ། མང་ཚོགས་ཟེར་དུས་དགག་བྱ་མ་གཏོགས་བསྒྲུབ་བྱ་ཅི་ཡང་མེད་པའི་དེང་གི་སད་རྟོག་པ་ཡིན་ཟེར་མཁན་རེ་གཉིས་ཙམ་ཡོད་པ་དེ་ལ་ཟེར་གྱི་མེད། སྤྱི་མང་གི་བསམ་བློའི་ལྟ་ཚུལ་ཞིག་རེད། ལྟ་སྟངས་འདི་བརྒྱུད་ནས་སེར་མོ་བའི་སྡེ་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་ཡང་འཕྲད་སྲིད་པ་རེད། དཔེར་ན་ནུབ་གླིང་དུ་ཡེ་ཤུའི་ཆོས་ལུགས་པའི་སེར་མོ་བའི་སྤྱི་ཚོགས་ཉམས་རྒུད་ཕྱིན་པ་ཡང་། རྩ་བ་མང་ཚོགས་ཀྱི་ནང་ནས་སེར་མོ་བའི་བྱ་སྤྱོད་ལ་ཞེན་པ་ལོག་མཁན་མང་དུ་སོང་ནས། བུ་ཕྲུག་དགོན་པར་གཏོང་འདོད་མཁན་གྱི་ཕ་མ་ཡང་ཇེ་ཉུང་དུ་སོང་བའི་རྐྱེན་ལས་གནས་སྟངས་དེ་འདྲ་བྱུང་བའི་ལོ་རྒྱུས་ཡོད་པ་ལྟ་བུ་རེད། མ་འོངས་པའི་གནས་སྟངས་ནི་གཞི་རྩ་སེར་མོ་བའི་ཀུན་སྤྱོད་ལ་ཐུག་ཡོད་པ་དེ་མངོན་ཤེས་མི་དགོས་པར་མཐོང་མྱོང་གིས་ཤེས་ཐུབ་པ་ཞིག་རེད།
དེས་ན་མི་རེ་ངོས་རེ་བྱེད་ནས་ཚུལ་དང་མཐུན་པར་གནང་རྒྱུ་དེ་སེར་མོ་བའི་ལས་འགན་ཆེ་ཤོས་ཞིག་རེད་བསམ། དཔེར་ན་ཏོག་དབྱིབས་རིམས་ནད་སྔོན་འགོག་གིས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་དགོས་ན། ཡག་ཤོས་དེ་རང་ཉིད་འགོག་སྲུང་ཚུལ་བཞིན་བྱེད་ནས་གཙང་མ་གཙང་རྐྱང་ཞིག་དགོས་ཚུལ་བཤད་པ་བཞིན། དགོན་སྡེའི་སློབ་གཉེར་དང་སྒྲིག་ལམ་ཡར་སྐུལ་གྱི་ཞབས་ཞུ་བསྒྲུབ་བསམ་ན། ཡག་ཤོས་རང་གཅེས་ཐེག་པ་ཁུར་ལེན་གྱི་སྒོ་ནས་རང་ཉིད་ཤེས་ཡོན་ཀུན་སྤྱོད་ཚད་ཐུབ་བཤད་རྒྱུ་གཏམ་རྒྱུ་མེད་པ་ཞིག་གནང་ཐུབ་ན་དེ་ཡིན། དེ་ནས་རིམ་བཞིན་མི་རེ་ངོས་རེ་བྱེད་ནས་དེ་འདྲར་འབད་བརྩོན་གནང་བའི་ཁོར་ཡུག་ཅིག་བསྐྲུན་པའི་མིག་ལྟོས་ཡོང་ངེས་ཡིན།
དཔེར་ན་སྟོན་པ་སངས་རྒྱས་ཉིད་ཀྱིས་ཞལ་ནས་གསུངས་པ་ལས་ཀྱང་དཀའ་ཐུབ་ལ་སོགས་དངོས་སུ་དཔེ་སྟོན་གྱི་མཛད་པས་འགྲོ་བ་འདུལ་སྟོབས་ཆེ་བ་བཞིན་རེད། སྤྱི་བཏང་ད་ལྟའི་སྤྱི་ཚོགས་ལ་མཚོན་ན་མི་ཚེ་གཅིག་ལ་གྲྭ་བཙུན་བྱེད་ཟེར་དུས་ཧང་སང་འགྲོ་བའི་དུས་ཚོད་ཅིག་ཆགས་ཟིན་པར་སོང་ཙང་། མ་འོངས་པར་འབར་མ་དང་ཐ་ལེན་ཊ་སོགས་ཀྱི་ཐེག་དམན་སྡེ་པ་ལྟ་བུ་བྱེད་ནས་དུས་ཁྲིམས་ལག་བསྟར་བྱེད་དགོས་ཡོང་མི་སྲིད་པ་མ་རེད། རྩ་བའི་ཆ་ནས་འབྱུང་འགྱུར་གྱི་གནས་སྟངས་ཡག་ཉེས་གཅིག་ནི་སེར་མོ་བའི་གྲངས་ཀ་གཙོ་བོ་མ་ཡིན་པ་སྤུས་ཚད་ཡོད་མེད་ལ་ཐུག་འདུག་བསམ་གྱི་ཡོད།
སྤྱིར་བཏང་བསྐལ་པ་སྔ་མོ་འདྲ་ཡིན་ན་མི་དགེ་སེམས་ཅན་དང་རྣམ་དཔྱོད་ཅན། བདེ་ཐང་ཅན་སོགས་མི་ཚད་ཐུབ་གཞུང་བཟང་དེ་ཚོ་རབ་ཏུ་བྱུང་ན་ཡག་པོ་འདུག་ལབ་པ་རེད། དེང་སང་དེ་ལས་ལྡོག་སྟེ་ལུས་སེམས་བདེ་ཐང་མེད་མཁན། ཕ་མས་གསོ་སྐྱོང་མ་ཐུབ་པ་སོགས་གང་ཅིའི་ཐད་ནས་ཁས་ཞན་དབང་ཆུང་གི་རིགས་དེ་ཚོ་ཁྱོད་རང་མི་ཚེ་དགོན་པ་ལ་བསྐྱལ་ན་མ་གཏོགས་གཞན་དག་ཅི་འཇོན་ས་མ་རེད། མི་ཚེ་འཁྱོལ་ས་མ་རེད་ཟེར་བཞིན་པའི་དུས་ཚོད་ཅིག་ཆགས་ཟིན་པ་རེད། དེས་ན་དགོན་པ་ཞིག་ཡིན་པའི་ཆ་ནས་སྤྱི་བཏང་རིགས་དང་སྐྱེ་བ་མཐོ་དམན་ལ་མ་ལྟོས་པར་སྤྱི་ཚོགས་ཞབས་ཞུའི་ངོ་བོའི་ཐོག་ནས་གྲྭ་བཙུན་གང་མང་མང་གསོ་སྐྱོང་བྱེད་ནས་སློབ་སྦྱོང་སྤྲད་རྒྱུ་གཙོ་བོ་རེད་དེ། ཉབ་ཉོབ་མང་དྲགས་ན་ཕན་པའི་ཚབ་ཏུ་གནོད་པ་མང་བ་ཡོང་ཉེན་འདུག་བསམ། འདི་འདྲ་ཁོ་ནའི་ལམ་དུ་སོང་ན་མ་འོངས་པ་དགོན་པ་དེ་ཚོ་ཕྱོགས་གཅིག་ནས་དབང་པོ་སྐྱོན་ཅན་རོགས་སྐྱོབས་ཁང་གི་བཟོ་འདྲ་བོ་མི་ཆགས་པའི་ངེས་པ་མི་འདུག་སྙམ། དེས་ན་མང་ཚོགས་ཀྱིས་ངོས་ནས་ཆོས་ལུགས་ལ་དགའ་ཞེན་བྱས་པ་ཙམ་མིན་པར་རྒྱུན་གནས་ཀྱི་འགན་ཁུར་དགོས་པའི་གནས་བབ་ཆགས་ཀྱི་འདུག
དེས་ན་མ་འོངས་པར་སློབ་གླིང་གི་དགོན་པ་ཞིག་ཡིན་ན། ཨང་དང་པོ་གཟུག་པོ་བདེ་ཐང་ཡིན་མཁན། གཉིས་པ་སློབ་སྦྱོང་ལ་མོས་པ་ཡོད་མཁན་གྱི་རིགས་བཅས་སླད་ཀྱི་གནས་བབ་སྲ་བརྟན་འགྱུར་བ་ལ་མི་ཡི་སྤུས་ཚད་ལ་ཐུགས་སྣང་གནང་དགོས་པ་ལས་གྲངས་ཀ་གཙོ་བོ་རེད་མི་འདུག་སྙམ། རིག་གནས་ཡར་སྐུལ་གྱི་ཐབས་ལམ་ནི་འཛིན་སྐྱོང་གི་ཐད་ནས་སྔར་སྲོལ་གཞི་རྨང་བྱེད་པའི་ཐོག་སློབ་གླིང་གི་སྒྲིག་སྲོལ་དང་གུང་གསེང་བཞག་སྟངས་ཡན་ཆད་ཧ་ཅང་གི་དབུ་རིལ་མི་བསྒྲིལ་ནས་དེང་གི་སྤྱི་ཚོགས་ལ་བསྟུན་མཁས་བྱེད་ཐུབ་ན་ལེགས། ཡིན་ན་དེང་དུས་དགོན་གྱི་དབང་འཛིན་མང་པོ་ཞིག་གིས་གྲྭ་བཙུན་གང་ཞིག་སྒྲིག་འགལ་བྱུང་ཚེ་ཉེས་རྡུང་མི་བྱེད་པར་བསམ་ཤེས་ཅན་གྱི་ནུབ་ཕྱོགས་པའི་གུ་ཡངས་རིང་ལུགས་འཛིན་ཁུལ་བྱེད་ནས་སློབ་གསོ་ཐེབ་ཏུ་འཇུག་ཅི་ཐུབ་བྱེད་ཀྱི་ཡོད་རེད་དེ། གནད་ལ་ཕིག་པའི་དཔེ་སྟོན་སློབ་གསོ་སོགས་དགོས་མཁོའི་ཆ་རྐྱེན་ཐད་ནས་ནུབ་ཕྱོགས་པ་ནང་བཞིན་མེད་དུས། མཇུག་འབྲས་བཟང་པོར་བྱུང་ཁག་པོ་ཡོང་གི་འདུག དེས་ན་མགོ་ནག་མི་རིགས་འདི་ཚོ་བྱེད་ཐལ་དུ་མ་སོང་བ་ནོན་མཚམས་ཤེས་པའི་སྒོ་ནས་ཞི་དྲག་གང་དགོས་ཀྱིས་སྟངས་འཛིན་བྱེད་རྒྱུ་ལས་རང་མོས་ཀྱི་ལམ་ཁ་ནས་བསྐྱོད་ཤེས་མཁན་རེ་གཉིས་ཙམ་ལས་མེད།
ལར་འཛིན་རིམ་འོག་མ་དེ་ཚོ་ལ་མཚོན་ན། རབ་ཏུ་བྱུང་བའི་ཁེ་ཕན་དང་འབྲེལ་བའི་རིན་ཐང་གི་སློབ་གསོ་དང་། ཀུན་སྤྱོད་ཀྱི་སློབ་གསོའི་སྡེ་ཚན་ངེས་པར་དུ་དགོས་ཀྱི་འདུག དཔེར་ན་འཛིན་རིམ་འོག་མ་ལ་སྡུད་རྟགས་བློ་གསུམ་དང་སྐད་ཡིག་རིག་གནས་ཙམ་རང་སློབ་བསྡད་ན། མང་པོ་ཞིག་མིག་རྒྱང་རིང་པོར་བསམ་བློ་འདོན་མི་ཤེས་ནི་ཟང་ཟིང་གིས་འཕྲལ་དུ་བསླུས་ཏེ་སྔར་གྱི་དམིགས་ཡུལ་ལས་འདྲེད་འཛུལ་ཤོར་ནས། ཕ་མ་ལ་དགོས་པའི་ཞབས་ཕྱི་མེད་པ། འཇིག་རྟེན་སྤྱི་ཚོགས་ལ་དགོས་པའི་ཤེས་ཡོད་མེད་པ། རང་ལ་དགོས་པའི་མི་ཚེའི་མདུན་ལམ་མེད་པ་ཆགས་ནས་རབ་བྱུང་ཡག་པོ་ཞིག་ཆགས་རྒྱུ་ཕར་ཞོག སྐྱ་བོ་ནང་གི་སྡུག་གྲ་རུ་ཆགས་ཏེ། བཟི་རྫས་རིགས་ལོངས་སྤྱོད་པའི་བག་མེད་ཅན་དུ་གྱུར་ནས། ཁོ་པའི་མི་ཚེ་ལ་ཕམ་ཁ་ཆེན་པོར་མྱོང་ནས་སྐྱོ་དགོས་པའི་གནས་སྟངས་མང་པོ་ཞིག་ཡོང་གི་འདུག་པས་དེ་ཚོ་ཕྱོགས་གཅིག་ནས་ཀུན་སྤྱོད་ཀྱི་སློབ་གསོས་དབུལ་བའི་སྐྱོན་ལས་བྱུང་བར་སེམས།
དྲི་བ། ད་ལྟའི་ཆར་དགོན་སྡེའི་སློབ་གཉེར་བ་ཤོག་ཐོག་ཏུ་མཆོང་དྲགས་ནས། ཐོས་སྒོམ་ཟུང་འབྲེལ་མ་བྱུང་བའི་གནས་སྟངས་མང་པོ་ཡོང་གི་ཡོད་ཚོད་རེད། དེ་ལ་དགོན་པ་གཞུང་གི་འཛིན་སྐྱོང་ནས་ཐབས་ལམ་ག་རེ་གྲ་སྒྲིག་བྱེད་དགོས།
ལན། དྲི་བ་དེ་ཡག་པོ་འདུག སྔར་སྲོལ་ལྟར་ན་ཟླ་བ་ཡར་ངོ་ལ་འཆད་ཉན་དང་། མར་ངོ་ལ་སྒོམ་སྒྲུབ་བྱེད་སྲོལ་ཡོད་པ་དེ་བཤད་སྒྲུབ་དང་ཐོས་སྒོམ་ཟུང་འབྲེལ་ངོ་མ་དེ་རེད། དགོན་སྡེའི་འཛིན་སྐྱོང་གི་ཐབས་ལམ་ཡག་ཤོས་ནི། ཐོག་མར་ཆུང་ཆུང་དུས་ན་སྒོམ་རྒྱག་སྟངས་བསླབ་ཏེ་ནངས་ནུབ་དུས་སོགས་ཐུན་འདུག་བཅུག་ན་མི་ཚེའི་གོམས་གཤིས་དང་འཚོ་བའི་ཆ་ཤས་ལྟ་བུ་ཆགས་ནས་སྒོམ་ཉམས་ལེན་ལ་སྤྲོ་སྣང་འཕེལ་བ་ཡོང་གི་འདུག ལོ་ཆུང་གི་སེམས་ཁམས་མ་བཅོས་སོ་མ་ཡིན་པས་ནུས་པ་དམིགས་བསལ་ཐོན་གྱི་ཡོད། ད་ལྟ་ང་རང་གནས་ཡུལ་གདན་ས་ཁྲི་བརྟན་ནོར་བུ་རྩེ་ལ་ཆ་མཚོན་ན་ཐོས་སྒོམ་ཟུང་འབྲེལ་གྱི་ཆེད་དུ་གཞི་རིམ་སློབ་གྲྭ་དང་འགན་བདག་སོ་སོས་འཛིན་རིམ་འོག་མ་ལ་ནངས་ནུབ་སྒོམ་ཉམས་ལེན་བྱེད་དུ་འཇུག་པ་དང་། བཤད་གྲྭའི་ཁོངས་སུ་རྩ་རླུང་དང་མུན་མཚམས་བཞུགས་རྒྱུའི་གོ་སྐབས་ཀྱང་བསྐྲུན་ཡོད་པས་ཉམས་མྱོང་གང་ལ་འཚམ་གསོག་བྱེད་ཡག་པོ་ཡོང་གི་འདུག དེང་སང་ཡ་མཚན་པ་ཞིག་ལ་བསམ་བློའི་གནས་ཚད་རིམ་སྐྱེས་པ་ལས་མ་འདས་ཀྱང་། བྱེད་སྟངས་ཐོད་རྒལ་དུ་སོང་བ་ལྟ་བུ་མི་ཉུང་བར་ཡོད་པ་འདི་རེད།
སྤྱིར་དགོན་སྡེའི་སློབ་གཉེར་བ་མཚན་ཉིད་རིགས་ལམ་ཤེས་མཁན་དང་མི་ཤེས་མཁན་གཉིས་གཞུང་ལུགས་ཀྱི་ཁོག་བཤིག་སྟངས་ལ་ཁྱད་པར་ཆེན་པོ་ཡོད་རེད། རྒྱུ་མཚན་ཞིག་མཐོང་རྗེས་ལས་སླ་པོར་ཁས་ལེན་གཏོང་སྲོལ་མེད་པས་རྟོག་གེ་མགོ་མཁྲེགས་ཀྱང་ཟེར། ཡིན་ན་རྟོག་གེ་བའི་ང་རྒྱལ་ཁུར་ཏེ་གལ་ཏེ་རིགས་ལམ་མ་སྦྱངས་ན་དཔེ་ཆ་མི་ཤེས་པར་འདོད་པ་ནི་རང་ལྟ་མཆོག་འཛིན་གྱི་ལྟ་སྟངས་ཙམ་ལས་མ་འདས་པ་རེད། བློ་རབ་ཅིག་ཆར་བ་སྔོན་འགྲོའི་ཉམས་ལེན་ལ་ལྟོས་མི་དགོས་པ་དོན་གྱི་གནས་ལུགས་དམར་འཇུ་ཐུབ་མཁན་ཡིན་ན་མ་གཏོགས། སྤྱི་མཚུངས་ལྟར་རིམ་གྱིས་སློབ་སྦྱོང་དགོས་མཁན་ཞིག་ལ་མཚོན་ན། གཏན་ཚིགས་རིག་པའི་སྒོ་འབྱེད་ཅེས། གཞུང་གང་འདྲ་ཞིག་སྦྱང་ཡང་། རིགས་ལམ་མེད་པའི་མི་ཡི་སློབ་སྦྱོང་དེ་སོབ་སོབ་འདྲ་ཞིག་རེད། དམ་བཅའ་བརྟན་པོ་མེད་པ་རེད། རྒན་གྱི་གསུངས་སོང་། དཔེ་ཆ་ནང་འདུག་ཟེར་བ་ཙམ་ལས། རྒྱུ་མཚན་གྱི་མཐའ་བཀར་ནས། རང་གི་གྲུབ་མཐའ་འདྲ་བོ་ཆགས་ཡ་དེ་རིགས་ལམ་མེད་ན་ཡོང་ཐབས་མེད། ཐོས་པའི་ཤེས་རབ་ག་འདྲ་ཡོད་ན། བསམ་སྒོམ་གྱི་རྒྱ་ཁྱོན་དེ་འདྲ་ཡོང་རྒྱུ་རེད། ཐོས་བསམ་ཉི་ཚེ་བ་ལས་བསམ་སྒོམ་ཡང་ཉི་ཚེ་བ་ཡོང་བས་ལར་ན་ཐོས་པ་གསོག་རྒྱུ་དེ་གལ་ཆེན་ཞིག་ཡིན།
ཡང་དཔེར་ན་གཞུང་ལུགས་སྐོར་དཔྱད་རྩོམ་ཞིག་བྲིས་ན་རྟོག་གེ་བའི་དཔྱད་ཐབས་དེ་བསྡུས་རྟགས་ཀྱི་གཞུང་ལྟ་བུ་རྩོད་པ་ལ་མདོ་དྲིལ་ཏེ་ཁྱབ་པ་ཡོད་མེད་སོགས་ཀྱིས་ཐག་གཅོད་བྱེད་པ་ལས། ཉམས་ལེན་ལ་མདོ་དྲིལ་ནས་ཉམས་མྱོང་གིས་ཐག་གཅོད་བྱེད་རྒྱུའི་བསམ་བློ་འཁོར་དཀའ་ཞིང་། གལ་སྲིད་བསམ་བློ་འཁོར་ན་མྱོང་ཐོག་ནས་ཐག་གཅོད་པའི་ཆ་རྐྱེན་ཡོད་ཁག་པོ་ཡིན། དེ་བཞིན་ལམ་རིམ་ཞིག་བཤད་ན་ཉམས་ལེན་བྱེད་མཁན་དེ་མི་གཞན་པ་ཞིག་དང་རང་ཉིད་བཤད་པ་རྒྱག་མཁན་ཡིན་པའི་བཟོ་འདྲ་བྱེད་ནས་དཔེར་ན། ལམ་པ་བ་དེ། སྐྱབས་འགྲོ་དེ། སྙིང་རྗེ་དེ། སེམས་བསྐྱེད་དེ་ཟེར་ནས་དེ་དེ་དེ་རྐྱང་རྐྱང་མ་གཏོགས། སྐྱབས་འགྲོ་འདི། སེམས་བསྐྱེད་འདི། སྙིང་རྗེ་འདི་ཟེར་བ་ཞིག་དོན་དང་ཉེ་བཅར་བྱེད་ནས་འདི་འདི་འདི་ཟེར་ས་མེད་པས། ཁ་ཕར་ལ་བསྐོར་དྲགས་པའི་སྐྱོན་ཆ་ཞིག་ཡོད་པ་ནི་ངོས་ལེན་ཤེས་དཀའ་ཡང་ཤེས་དགོས་པ་གལ་ཆེ།
རང་ལ་ཉམས་ལེན་མེད་བཞིན་ཚིག་སྐམ་མང་པོ་བགྲང་བ་ནི། དབུལ་པོས་ཕྱུག་པོའི་ནོར་བགྲང་བ་ལྟ་བུ་ཆགས་ནས་སྐམ་བཤད་ཙམ་གྱིས་རང་དང་གཞན་གྱི་སེམས་ལ་ནེམ་ཐིགས་ཞེ་དྲག་ཡོང་རྒྱུ་མ་རེད། དཔེར་ན་ཕྲན་རང་ལྟ་བུ་ལ་ཆ་མཚོན་ན་ལོ་མང་པོ་ཚིག་སྐམ་ལ་བསྐྱལ་ཀྱང་དོན་རྒྱུད་ལ་སྦྱར་མ་ཐུབ་པའི་སྐྱོན་ཆེན་པོ་ཡོང་གི་འདུག ལར་ན་ཐུན་མོང་གིས་འཆར་གཞི་བཞག་སྟངས་ཞིག་ལ། དང་པོ་སློབ་སྦྱོང་ཞིག་བྱེད། དེ་རྗེས་སྒོམ་ཉམས་ལེན་ཞིག་བྱེད་བསམ་ནས་ལག་ལེན་ཕར་ཕར་ཕྱིས་འགྱངས་ཤོར་བའི་དབང་གིས་མི་ཚེ་རྫོགས་ནས་དབུགས་ཆད་ཁ་དེ་ལ་འགྱོད་གདུང་བཟོད་མེད་ཅིག་ཁུར་ནས་ནས་ཕ་རོལ་འགྲོ་དགོས་བྱུང་བའི་གནས་སྟངས་ཆགས་པ་ཉུང་ཉུང་ཡིན་རྒྱུ་མ་རེད་བསམ། དེས་ན་ལོ་ན་རྒས་གཞོན་ལ་མ་ལྟོས་པར་ནང་བསྟན་སློབ་སྦྱོང་འགོ་བཙུགས་ནས་བཟུང་ཚིག་དོན་ཟུང་འབྲེལ་ལ་གོམས་གཤིས་འཇགས་ཐབས་གནང་རྒྱུ་དེ་གལ་ཆེན་ཡིན་ས་རེད། སྤྱི་བཏངས་ཐོས་བསམ་སྒོམ་གསུམ་གྱི་རིམ་པ་འགྲོ་སྟངས་ནི། ཀུན་མཁྱེན་ཤར་རྫ་པས། “དང་པོ་བླ་མས་གསུངས་པའི་ཚིག་ལྷག་ཆད་མེད་པར་བློ་ཡུལ་དུ་ཟིན་དགོས། ཟིན་པས་མི་ཆོག་ཚིག་གི་དོན་རྟོགས་དགོས། དོན་མ་རྟོགས་ན་ཚིག་སྙན་སྙན་ལེགས་ལེགས་འདྲ་བ་ཞིག་འདུག་རུང་ཚིག་གིས་སེམས་ལ་མི་ཕན། ཚིག་ལ་མི་ལྟོས་པར་དོན་ཟབ་མོ་སྤར་ཟིན་བྱས་ནའང་། ཚིག་གིས་མ་མཚོན་ན་དོན་ཟབ་མོ་རྟོགས་མི་ནུས་ཏེ། གབ་པ་ལས། མ་རྟོགས་སེམས་ཅན་ཚིག་གིས་མ་ཁྲིད་ན། །མུན་པའི་མཛུབ་ཡུག་དེ་ཡིས་བརྡ་མི་འཕྲོད། །ཅེས་གསུངས། ཚིག་དོན་གཉིས་ཀ་བརྡ་མ་འཕྲོད་པར་གོ་བར་རློམ་ན། རང་མགོ་རང་གིས་གཡོག་ཅིང་དམ་པ་གོང་མས་ཁྲེལ་བའི་རྒྱུར་འགྲོ། ཚིག་ཐོག་ཏུ་དོན་ཁྲོལ། དོན་ཐོག་ཏུ་ཚིག་གིས་མཚོན་པར་ནུས་ན། ཐ་མ་དོན་ཟབ་མོ་བསྒོམ་དགོས། དོན་ལ་མི་བསྒོམ་པར་ཚིག་ཕྱིར་འབྲང་ན། བསྐལ་པ་བརྒྱར་བོན་ལ་ཐོས་བསམ་བྱས་ཀྱང་མི་ཕན་ཞིང་། སླར་རང་རྒྱུད་དྲེད་པོར་སོང་ནས་ལམ་གྱི་གེགས་སུ་འགྱུར། དེ་བས་ན་དོན་རྒྱུད་ལ་ངེས་ནས་ཚིག་གི་དགོས་པ་མེད་དེ། དྲི་མེད་ལས། ཚིག་ནི་ཁྲོན་ཡིན་དོན་ནི་གསེར་དང་འདྲ། །དོན་རྙེད་ཙམ་ན་ཚིག་གིས་ཅི་ཞིག་བྱ། །ཞེས་གསུངས། དོན་ལ་མི་བསྒོམ་ན་དོན་རྟོགས་པ་ལ་ཡང་དགོས་པ་མེད་དེ། ཡང་དེ་ཉིད་ལས། མི་ཡེངས་དོན་ལ་སྒྲུབ་པ་མི་བརྩོན་ན། །ཚིག་མཁས་དོན་ལ་རྨོངས་པས་ཅི་ཞིག་བྱ། །ཞེས་གསུངས། དེས་ན་ཐོས་བསམ་གྱི་གོ་རྟོགས་ལོན་ནས་དེའི་དོན་བསྒོམ་གལ་ཆེའོ།།” ཞེས་པའི་གདམས་པ་དེ་བཞིན་གནང་ན་མི་ཚེ་དོན་ཡོད་དུ་འགྱུར་ཞིང་འགྲོ་བ་ལ་ཕན་ཐོགས་ངེས་རེད།
དེང་སངས་ཐ་སྙད་སྐད་རིགས་དང་ཐ་སྙད་རིག་པ་ལ་བྱང་མ་ཆུབ་ན་ཡན་ལག་མ་ཚང་བ་ལྟ་བུ་བརྩི་བའི་སྐབས་འདིར། ཐ་སྙད་ལ་སྦྱང་གོམས་ཡོང་ཕྱིར་སེར་མོ་བའི་མི་ཚེ་ཕལ་ཆེར་ཚིག་སྐམ་ཆེད་དུ་ཟད་དེ་དོན་ཉམས་ལེན་ལ་བཅར་ཐུབ་མཁན་བརྒྱ་ལ་རེ་འགའ་ཙམ་གྱུར་བ་རེད། དེས་ན་སྔོན་དུས་གྲུབ་ཆེན་གནམ་འཕུར་ས་འཛུལ་བྱེད་མཁན་མང་པོ་བྱོན་རབས་ཡོད་ཀྱང་། ད་ལྟ་བཤད་ན་ཧ་ལམ་སྒྲུང་གཏམ་བཤད་པ་ལྟ་བུ་གོ་མཁན་མང་དུ་ཡོང་བ་ནི། གཞི་རྩ་འཇིག་རྟེན་བློས་གཏོང་མ་ཕོད་པར་རྐང་པ་གཉིས་བཙུགས་བྱས་པ་ལ་ཐུག་པར་སེམས། དཔེར་ན། སྨན་དཔེ་ཀློག་པ་དང་སྨན་གཞུང་ལ་འགྲེལ་བཤད་ལེགས་པོ་བཀྱོན་ཤེས་པས་ནད་ལ་མི་ཕན་ཞིང་ཉམས་གསོག་སྨན་པའི་ལག་ལེན་ཤེས་དགོས་པ་དང་། ལག་ལེན་མེད་ན་གང་ཟག་དེར་སྨན་པ་ཟེར་བའི་བདག་སྒྲ་དེ་འདོགས་མི་འོས་ཤིང་། ད་དུང་གསོ་རིག་མཁས་དབང་དང་འབུམ་རམས་པའི་ཆོ་ལོ་དེ་བས་འདོགས་མི་འོས་པ་བཞིན། གཞུང་ལུགས་བློར་འཛིན་པ་དང་འགྲེལ་བཤད་གང་འཚམ་བཀྱོན་ཤེས་པ་ཙམ་གྱིས་ཉོན་མོངས་ཀྱི་གཉེན་པོ་མི་འགྲོ་ཞིང་གཞུང་ལུགས་པ་ཡི་བདག་སྒྲ་དང་། གཞུང་ལུགས་མཁས་དབང་ཟེར་བ་ཡང་ལྟོགས་འཇོགས་ཀྱི་མིང་ཙམ་དུ་ཟད་དོ། །
ལར་གཞུང་ལུགས་ཀྱི་དོན་བརྒྱ་ཆ་དགུ་བཅུ་ཐམས་པ་དོན་ཉམས་སུ་མྱོང་བ་ལས་ཤེས་དགོས་ཤིང་། ཚིག་སྤྱི་ཙམ་གྱིས་བརྒྱ་ཆ་བཅུ་ཙམ་ཞིག་མ་གཏོགས་ཤེས་ཐབས་མེད། གཞན་ལ་བསྟན་ན་དེ་བཞིན་ཏེ། རྗེ་མཉམ་མེད་པས། ” སོ་སྐྱེ་འཕགས་པ་མཆོག་ཐོབ་གསུམ། །ཕྱོགས་རེ་ཕལ་ཆེར་ཐམས་ཅད་སྟོན། ། ” ཅེས་གསུངས་པ་བཞིན་ཡིན་ནོ། །མདོར་ན་ཚིག་ནི་དོན་ལ་འཇུག་པའི་སྒོ་མོ་ལྟ་བུ་ཡིན་པས་ལས་དང་པོ་བ་ལ་ཚིག་གཙོ་ཡང་། རྟག་པར་ཚིག་ཐོག་ལ་ཕར་མཆོང་ཚུར་མཆོང་ཁོ་ནར་བྱེད་དེ་དོན་རྒྱུད་ལ་མ་སྦྱར་ན་སྒོ་འགྲམ་ལ་ཕར་རྒྱུག་ཚུར་རྒྱུག་གིས་དུས་ཚོད་ཟད་དེ། ཁྱིམ་ཕུགས་ལ་འཛུལ་མ་མྱོང་བ་དང་འདྲའོ། །
དྲི་བ། སློབ་གྲྭར་ཕྱིན་ནས་མཐོ་སློབ་ཐོན་པའི་གཞོན་ནུ་ཕོ་མོའི་མི་ཚེའི་མདུན་ལམ་དང་། རབ་བྱུང་ཕོ་མོ་དགོན་པར་ཞུགས་ནས་སློབ་ཐོན་བྱུང་བའི་མི་ཚེའི་མདུན་ལམ་གྱི་མཇུག་འབྲས་མ་འདྲ་ཁྱད་པར་ག་འདྲ་ཡོད།
ལན། དགོན་སྡེའི་སློབ་ཐོན་པས་གཙོ་བོ་སྲོལ་རྒྱུན་དང་ཆོས་ལུགས་མཐོར་འདེགས་ཀྱི་ནུས་པ་ཐོན་གྱི་ཡོད། དེང་གི་སྤྱི་ཚོགས་སློབ་ཐོན་པས་གཙོ་བོ་གསར་གཏོད་དང་རྒྱལ་ཁབ་མི་རིགས་ལ་ཕན་འབྲས་ཐོན་གྱི་ཡོད། སྤྱིར་དེང་གི་སྤྱི་ཚོགས་ཀྱི་སློབ་ཐོན་པའི་གནས་སྟངས་ནི། རང་གིས་གང་སྦྱངས་པའི་ཐོག་ཏུ་ལས་ཀ་བྱེད་ཐུབ་མིན་དང་། རྒྱལ་ཁབ་དང་མི་རིགས་ལ་དགོས་ཕན་ཡོད་མེད་ལ་མ་ལྟོས་པར་གླ་ཆ་ཆེ་ཆུང་གིས་ལས་ཀ་ཐག་གཅོད་བྱེད་པའི་སྐབས་ཤིག་གྱུར་ཚར་བ་ཡིན་དུས། བཟང་སྤྱོད་དང་ལྷག་བསམ་ཟེར་བ་དེ་ཁ་ཙམ་ལས་ལག་ལེན་ཇེ་ཉམས་སུ་འགྲོ་བཞིན་ཡོད་ཀྱང་། དགོན་སྡེའི་སློབ་ཐོན་པ་རྣམས་སེར་མོ་བ་ཡིན་སྟབས་མི་སྐྱ་ནང་བཞིན་ཛ་རེ་ཛོ་རེ་མང་པོ་ལ་དུས་ཚོད་གཏོང་མི་དགོས་པས་ལས་ཀ་གང་ལ་འཇུས་ན་ཧུར་བརྩོན་བརྒྱུད་དེ་ཕན་འབྲས་གང་ལེགས་ཀྱི་ནུས་པ་ཐོན་གྱི་ཡོད་སྟབས་དགོན་སྡེའི་སྤྱི་ཚོགས་རྣམས་མི་རིང་བར་ལྟ་རྒྱུ་རིག་རྒྱུ་ཡོད་པའི་ཡར་རྒྱས་ཕྱིན་ཐུབ་པའི་གནད་དོན་གཅིག་དེ་ཡིན་པར་སྣང་།
འཚོ་ཐབས་ཀྱི་ཆ་ནས་བཤད་ན་ཐོག་མའི་དམིགས་ཡུལ་དང་འབྲེལ་བ་ངེས་ཅན་ཞིག་ཡོང་གི་འདུག དཔེར་ན། ཕ་མས་བུ་ཕྲུག་དགོན་པ་ལ་གཏོང་བའི་དམིགས་ཡུལ་ནི། ཆོས་མགོ་ཐོན་པའི་ཆོས་པ་ཚད་ཐུབ་ཅིག་དང་། ཁེར་རྐྱང་གི་འཚོ་ཐབས་བརྒྱུད་ནས་ཆོག་ཤེས་ཅན་གྱི་མི་ཚེ་དོན་ཡོད་པ་ཞིག་སྐྱེལ་ཕྱིར་ཡིན། སློབ་གྲྭར་གཏོང་ཚེ། རང་མགོ་ཐོན་ཞིང་ཕ་མའི་ཁ་ལྟོ་གསོ་མཁན་དང་། ཡང་ན་རྒྱལ་ཁབ་ཀྱི་སྒྲིག་སྲོལ་ཞིག་གིས་ཕྱོགས་མང་རིང་ལུགས་ཀྱི་ཤུགས་གང་ཆེར་བསྟུན་དགོས་བྱུང་བ་ལྟ་བུ་རེད།
ཡང་ཕྱོགས་གཉིས་པོ་བོད་ཀྱི་རིག་གཞུང་གི་ཐོག་ནས་བཤད་ན་ཁྱད་པར་ཧ་ཅང་ཆེན་པོ་འདུག དེང་གི་ཆར་ཕ་མ་ཕྱུག་པོ་དེ་ཚོ་དང་། བོད་པའི་ལ་རྒྱ་ཤོད་མཁན་དཔོན་རིགས་མི་ཆེན་མང་པོས་རང་གིས་བུ་ཕྲུག་སོ་སོའི་རིག་གཞུང་ལ་འབྲེལ་བ་ཅི་ཡང་མེད་པའི་འཛམ་གླིང་སློབ་ཆེན་མིང་གྲགས་ཅན་ལ་བསྐྱལ་ནས་ཚུར་ཡོང་དུས་བོད་ཀྱི་རིག་གཞུང་གོམས་གཤིས་ལ་མི་དགའ་ཞིང་བོད་གཤིས་ཅི་ཡང་མེད་པ་གྱུར་ནས་སླེབས་འོང་བ་མི་ཉུང་བར་ཡོད་ཅིང་། དགོན་སྡེའི་སློབ་ཐོན་པ་ལ་མཚོན་ན་གནས་ཡུལ་གང་དུ་ཕྱིན་རུང་། གྲྭ་མགོ་ཐོན་མིན་ལ་མ་ལྟོས་པར་མི་ཚེའི་འཚོ་ཐབས་བོད་ཀྱི་ཆོས་རིག་དང་འབྲེལ་བར་སྐྱེལ་རྒྱུའི་རེ་བ་ཡོད་པ་ནི་ཕལ་ཆེ་བའི་མངོན་འདོད་ཡིན།
དེ་འབྲེལ་སྐུ་ཉིད་ནས་དུས་རབས་དང་འཚམས་པའི་སློབ་གཉེར་གནང་ཕྱོགས་སྐོར་གྱི་ཐབས་ལམ་དང་ལམ་སྟོན་གཞན་གང་ཡོད་གསུང་རོགས།
ལན། དེ་ལ་དགོན་སྡེའི་ཆ་རྐྱེན་དང་སློབ་གཉེར་བའི་ཁ་ཕྱོགས་གཉིས་ཀྱི་སྐོར་ནས་ལན་འབུལ་འདོད་བྱུང་།
༡) གདུལ་བྱ་གང་ལ་གང་འདུལ་གསུངས་པ་བཞིན་ང་ཚོ་དུས་རབས་འདི་ཡི་མི་ཞིག་ཡིན་པ་སོང་ཙང་། དགོན་པའི་ངོས་ནས་དུས་རབས་འདིའི་མི་ལ་ཕན་ཐོགས་ཡོད་པའི་སློབ་སྦྱོང་ཞིག་སྤྲད་དགོས་འདུག དུས་རབས་འདིའི་མི་ཡང་འགྲོ་བ་སེམས་ཅན་ཡིན་པས། འདི་དག་ལ་ཕན་ཐོགས་ན་འགྲོ་བ་སེམས་ཅན་ལ་ཕན་ཐོགས་པར་ངོས་འཛིན་ཞུ་དགོས་པ་ཡིན། དེ་ལྟར་གནང་བ་ལ་ཡུལ་དུས་དང་འཚམ་པའི་སྒྲིག་ལམ་དང་སློབ་ཚན་ཡག་པོ་ཞིག་ངེས་པར་དགོས་ཀྱི་འདུག སློབ་ཚན་འཚོགས་པའི་དུས་ཚོད་འདི་དང་གུང་གསེང་གཏོང་བའི་དུས་ཚོད་འདི་ཞེས་གང་ཡང་ལབ་རྒྱུ་མེད་པ་དབང་འཛིན་མི་སྣ་འགའ་ཞིག་གིས་གང་དྲན་ཕྱོགས་འཐེན་གྱི་ཐག་གཅོད་རྐྱང་རྐྱང་གི་འོག་ཏུ་མ་སོང་བ། ཆོས་ལུགས་སློབ་གླིང་གི་མིང་སྐམ་ཞིག་ཁུར་ནས། འཛིན་སྐྱོང་གི་ཐད་ནས་ཞབས་བརྟན་དགོན་པ་དང། ལས་རིགས་ལག་རྩལ་བཟོ་གྲྭ་ལྟ་བུ་བྱས་མ་བསྡད་པ། གང་བྱུང་མི་མང་གིས་ཟང་ཟིང་བསྡུ་བའི་འུར་སྒྲོགས་སློང་ས་མ་ཆགས་པ། སློབ་གཉེར་བའི་སེམས་པའི་སྦུག་ལ་ཐོག་མར་ཡར་ཞུགས་དུས་རེ་བ་ཆེན་པོ་ཞིག་བཅང་ཡང་། ཞུགས་ནས་རྒྱུས་ལོན་བྱུང་རྗེས་འོ་ད་ངའི་རེ་བ་དང་དོན་དངོས་གཉིས་ཁ་ཁ་རེད་འདུག ད་ཡིན་ན་ང་རྦད་དེ་ཧ་ལོག་འདུག་བསམ་པའི་འགྱོད་སེམས་སྐྱེ་འོང་བ་ཞིག་མི་ཆགས་པར། དང་པོ་དགེ་བའི་བཤེས་གཉེན་གྱི་ཆ་རྐྱེན་དང་། གཉིས་པ་བསླབ་བྱའི་གོ་རིམ་གྱི་ཆ་རྐྱེན། གསུམ་པ་དགོན་སྡེའི་སྒྲིག་འཛུགས་ཀྱི་ཆ་རྐྱེན། བཞི་པ་འཚོ་བ་འཕྲོད་བསྟེན་གྱི་ཆ་རྐྱེན་ཚང་བ་ཞིག སློབ་གཉེར་བའི་སེམས་ལ་གང་ཅིའི་ཐད་ནས་འགྲིག་ཐག་ཆོད་ཡོད་བསམ་བསམ་ཞིག་དགོས་གལ་ཆེ།
༢) དགོན་སྡེའི་སློབ་གཉེར་བའི་ངོས་ནས་ཡིན་ན། ཆོས་པ་ཞིག་ཡོང་བ་ལ་མི་བཟང་པོ་ཞིག་དགོས་པ་མ་མཐའི་ཆ་རྐྱེན་ཡིན་པས་ཤེས་ཡོན་གནས་ཚད་མཐོ་མིན་ལ་མ་མ་ལྟོས་པར། སྒོ་གསུམ་གྱི་འཁྱེར་སོ་གང་ཡིན་ན་བཟང་སྤྱོད་ཀྱི་རྨང་གཞི་ཡོད་པ་ཞིག་གནང་ཅི་ཐུབ་བྱེད་རྒྱུ་དང་། ཧ་ཅང་རྒྱས་སྤྲོས་རིང་ལུགས་དོར་ནས་ཆོག་ཤེས་དགོས་པ་ནི་ཟང་ཟིང་གིས་མི་བསླུ་བའི་ཐབས་ལམ་དང་པོ་དེ་ཡིན། རྩ་བའི་ཆ་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ག་རེ་སྦྱངས་ན་དེ་དང་འབྲེལ་ཡོད་ཀྱི་རིག་གནས་གཞན་དང་ཟུང་འབྲེལ་དང་ལྷག་པར་དུ་བརྡ་དག་ཐ་སྙད་རིག་པ་དང་ཟུང་འབྲེལ་མ་ཐུབ་ན་ཚིག་དོན་གྱི་མཐའ་ལ་མ་ལྷུང་བར་ཚིག་དོན་གཉིས་ཀ་ལ་རང་དབང་ཐོབ་པའི་དཔེ་ཆ་བ་ཞིག་ཡོང་དཀའ། གོང་ཞུས་ལྟར་ནང་བསྟན་གཞུང་ལུགས་སྦྱོང་མཁན་ལ་མཐོ་བརྙབ་བྱེད་དྲགས་པའི་སྐྱོན་ཆེན་པོ་ཡོད། འབྲེལ་ཡོད་རིག་གནས་གཞན་ལ་ཐུགས་སྣང་གནང་ཐུབ་ན་གོ་སྟོབས་ཆེ་ཞིང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་གྱི་ཡོད། དཔེར་ན་གསང་སྔགས་ཀྱི་གཞུང་ལྟ་བུ་མཚོན་ན། དང་པོ་རིག་ལྡན་གནས་ལ་བསྙེན་པའི་སྐབས་བཀྲ་ཤིས་པའི་ས་གནས་བཙལ་ཐབས་ནི། ས་དཔྱད་རིག་པ་དང་འབྲེལ་བ་དང་། སྒྲུབ་དུས་དང་ས་སློང་གི་སྐབས་ལྟོ་འཕྱེ་བརྟགས་པ་ནི་ཕྱི་རིག་པའམ་རྩིས་རིག་དང་འབྲེལ་བ་དང་། དཀྱིལ་འཁོར་གྱི་ཐིག་རྡུལ་ཚོན་སོགས་བཟོ་རིག་དང་འབྲེལ་བ་དང་། རྩ་ཐིག་རླུང་གསུམ་གྱི་བསྐྱེད་གནས་དང་། སྒྲུབ་སྨན་རྫས་རྣམས་གསོ་བ་རིག་པ་དང་འབྲེལ་ཞིང་། དེ་བཞིན་འདོན་དབྱངས་རྟ། མར་རྒྱན་གཏོར་བཟོ། འབུད་རྡུང་བཀྲོལ་གསུམ་ནི་ཆོ་ག་ཕྱག་ལེན་སྐབས་དགོས་པ་སོགས་མགོ་མཇུག་ཚང་བ་ཤེས་དགོས་ན་འབྲེལ་ཡོད་དག་ཡལ་བར་དོར་མི་ཉན་ནོ། །
ཞེས་དྲི་བ་སོ་སོའི་སྐབས་དང་བསྟུན་ནས་བློ་ངོར་འཆར་ཚོད་ཀྱི་ལན་ཕུལ་བ་ཡིན་པས་སྔ་རྗེས་འགལ་འདུ་དང་། ལྟ་སྟངས་ནོར་བར་མཆིས་ན་དགོངས་ཡངས་གནང་བའི་རེ་འདུན་དང་བཅས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཁྲི་གཙུག་བསྟན་པའམ་དྲ་མིང་དུ་ཏི་སེའི་བུ་འབོད་པ་དེས་ཕྱི་ལོ་ ༢༠༢༠ ཟླ་༨ ཚེས་ ༢ ཉིན་རྫོགས་པར་བྱས་ཏེ་ཕུལ། །།
བཅར་དྲི་ཞུ་མཁན། << བོན་གྱི་དྲིས་ལན་དྲ་མཛོད་ >> ཀྱི་ལག་བསྟར་རྩོམ་སྒྲིག་པ་ཞང་ཚུལ་མི།