དགོངས་ཚད་རྣམ་པ་ལྔ་ཡི་དགོས་པ།
མཛད་པ་པོ། སྟོན་པ་ཐུགས་རྗེ་ཅན།
མདོ་གཟེར་མིག་སྟོན་པ་སྐུ་སྐྱེ་བ་བཞེས་པའི་ལེའུ་ལས། “དེ་ནས་རི་རབ་ཀྱི་རྩེ་མོ་ལ་བྱོན་ཏེ། འཁོར་རྣམ་པ་གསུམ་དང༌། མི་ཡུལ་གླིང་བཞི་ལ་གཟིགས་ནས། དགོངས་ཚད་རྣམ་པ་ལྔ་ཐུགས་ལས་བྱུང་བ་ནི། ཡུལ་གྲངས་མང་ཞིང་གླིང་རྒྱ་ཆེ་ན་ཡང༌། ལྷོ་འཛམ་བུའི་གླིང་སོག་ཀ་སྣོད་ཀྱི་འཇིག་རྟེན། འོལ་མོ་ལུང་རིངས་ལ་གཟིགས་ནས་བྱོན་ནོ། །
དེ་ཅིའི་ཕྱིར་བྱོན་ན། གླིང་ཕྱི་མ་ནི། མཐོ་རིས་སུ་འགྲོ་བའི་དགེ་བའང་མེད། ངན་སོང་དུ་ལྟུང་བའི་སྡིག་པའང་མེད། སྟོན་པའི་བསྟན་པ་མི་འཕེལ་བའི་གླིང་ཡིན་ནོ། །ཁོ་དག་གི་ཚེ་ནམ་ཟད་ཙམ་ན། ལས་ཀྱི་དབང་གིས་སྡོད་འཕེན་ནོ། །སྨོན་ལམ་ནི་ལྷོའི་སོག་ཀར་འདེབས་སོ། །ལྷོའི་འཛམ་བུའི་གླིང་ན། བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམ་ན་ཐར་པ་འཐོབ། དགེ་བ་བཅུའི་སྒོར་ཞུགས་ན་མཐོ་རིས་སུ་སྐྱེ། མཚམས་མེད་པ་ལྔ་སྤྱད་ན་མནར་མེད་པར་སྦྱོར། སྡིག་པ་བཅུའི་སྒོར་ཞུགས་ན་ངན་སོང་དུ་སྐྱེ། སྟོན་པའི་ཐུགས་རྗེས་སེམས་ཅན་ཁ་ལོ་བསྒྱུར་སླ་བར་དགོངས་ནས་བྱོན་ནོ། །མཁར་མང་ན་ཡང༌། བར་པོ་སོ་བརྒྱད་ལ་དགོངས་ནས་བྱོན་ནོ། །དེ་ཅིའི་ཕྱིར་དགོངས་ན། མཁར་སླད་མ་ནི། ས་རྡོ་དང་རྩི་ཤིང་ལས་བརྩིགས་པ་ཡིན་པས་ན། བཞུགས་པར་ཉམས་མི་དགྱེས་ལ། བར་པོ་སོ་བརྒྱད་ནི་རིན་པོ་ཆེ་འབར་བའི་མཁར་ཡིན་པས། བཞུགས་པར་ནི་ཉམས་དགྱེས་ལ། །དགོངས་པར་ནི་ཡིད་སྤྲོ་བས། དགོངས་ནས་བྱོན་ནོ། །ནོར་ལ་དགོངས་པ་ནི། རིན་པོ་ཆེའི་གཏེར་ལ་དགོངས་ནས་བྱོན་ནོ། །དེ་ཅིའི་ཕྱིར་དགོངས་ན། ནོར་ཕྱི་མ་ནི་ཟད་པ་དང༌། ཤི་བ་དང༌། སྟོར་བ་ཅན་ཡིན་ནོ། རིན་པོ་ཆེའི་གཏེར་ལ་ནི། ནོར་གྱི་ལྷ་ཨརྱ་འཛམ་བྷ་ལ་བཞུགས་པས། དེ་ལྟ་བུ་ནི་མི་སྲིད་པ་དགོངས་ནས་བྱོན་ནོ། །ཡབ་ལ་དགོངས་པ་ནི། མི་བོན་ལྷ་བོན་རྒྱལ་བོན་ཐོད་དཀར་ལ་དགོངས་ནས་བྱོན་ནོ། །དེ་ཅིའི་ཕྱིར་དགོངས་ན། ཡབ་ཕྱི་མ་ནི་ཇི་ལྟ་བུ་ལ་ཡང༌། རྒྱུ་དུག་ལྔའི་ཤས་ཀུན་གཞི་ལ་ཡོད་ལ། མི་བོན་ལྷ་བོན་རྒྱལ་བོན་ཐོད་དཀར་ལ་ཉོན་མོངས་པའི་ཤས་མེད་པ་དང༌། རིགས་རྒྱལ་རིགས་དྲ་མ་ཆེན་པོ་ཡིན་པ་དང༌། སྔོན་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་ཀྱང༌། སྐུ་འཁོར་བ་དང་མྱ་ངན་ལས་འདས་པའི་དུས་ན། མེས་པོ་དམུ་རྒྱལ་ཐེམ་པ་ལ་ཞལ་ཆེམས་བཞག་པའི་རྗེས་ཡིན་པས་ཀྱང་དགོངས་ནས་བྱོན་ནོ། །ཡུམ་ལ་དགོངས་པ་ནི། མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་བཞད་ལ་དགོངས་ནས་བྱོན་ནོ། །དེ་ཅིའི་ཕྱིར་དགོངས་ན། ཡུམ་ཕྱི་མ་ནི་ཅི་ལྟ་བུ་ཡང་རྒྱུ་དུག་ལྔའི་ཤས་ཡོད་ན། མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་བཞད་ནི། ལྷ་མོའི་སྐུ་ཡིན་པས། རྒྱུ་དུག་ལྔའི་ཤས་ཏིལ་འབྲུ་ཙམ་ཡང་མེད་ལ། སྙིང་རྗེའི་སེམས་དང་ལྡན་པ། བྱམས་པ་ཆེན་པོ་མངོན་པར་དགོངས་ནས་བྱོན་ནོ། །དེ་ལ་སྟོན་པས་བྱོན་ཀར་རི་རབ་རིའི་རྩེ་མོ་ལ། གསས་མཁར་ལྷ་རྩེ་དགུང་ནམ་བཞེངས་ནས། འཁོར་རྣམ་པ་གསུམ་ལ་བཀའ་བསྩལ་པ། ང་འཇིག་རྟེན་མིའི་ཡུལ་དུ། སྟོན་པའི་སྒྲོན་མ་ལ་འགྲོ་ཡིས། རྒྱལ་པོའི་སྲས་སུ་སྐྱེ་བ་ནམ་བཞེས་ཙམ་ན། ཁྱོད་རྣམས་ཀྱང་ནམ་མཁའ་ལས་ཆར་བཞིན་དུ་བོབ་ཅིང༌། ས་གཞི་ལ་རྩི་བཞིན་དུ་འཁྲུངས་ལ། འཕྲུལ་ངག་བདེན་པའི་བོན་གྱི་བསྟན་པ་དེར་སྤེལ་གྱིས་ཉན་དུ་ཤོག་ཅིག རི་རབ་ལ་གནས་པའི་དཔལ་གྱི་ལྷ་ཚངས་པ་དང༌། བརྒྱ་བྱིན་དང༌། གཡུང་དྲུང་གི་ལྷ་ཆེན་པོ་ཆེ་བཞི་དང༌། རྫུ་འཕྲུལ་གྱི་ལྷ་ལྷེའུ་རྗེ་མཆེད་བདུན་དང༌། སྲིད་པའི་ལྷ་རྒྱལ་པོ་ཆེན་པོ་བཞི་དང༌། རོལ་མཚོའི་ཀླུ་དང༌། ནམ་མཁའི་གཟའ་སྐར་ཚུན་ཆད་འདུས་ནས། བསྐོར་བ་བྱས། ལྷ་ཕྱག་བཙལ། མེ་ཏོག་ཕུལ་ནས། རི་རབ་ཀྱི་རྩེ་ལ་བཞུགས་པར་ཞུས་པས། སྟོན་པས་བཀའ་བསྩལ་པ། བདག་ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་གྱི་བཀའ་བཅག་ཏུ་མི་རུང་བས། མིའི་ཡུལ་དུ་སྐྱེ་བ་བཞེས་ནས། བསྟན་པ་སྤེལ་བས། ནམ་བདག་སྐྱེ་བའི་དུས་སུ། ཁྱོད་རྣམས་ཀྱང་ནམ་མཁའ་ལས་ཆར་བཞིན་དུ་བོབ་ལ་བསྟན་པ་ལ་ཉན་དུ་ཤོག་ཅིག་གསུངས་སོ། །” ཞེས་གསུངས་སོ།། །།