དགུ་གཏོར་ཆེན་མོའི་གཏོར་རྒྱག་སྐབས་སུ་དར་ནག་པོ་ཁྱེར་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་འདོན་མཁན། གཡུང་ཚུལ།
དྲི་བ། དགུ་གཏོར་ཆེན་མོའི་གཏོར་རྒྱག་སྐབས་སུ་སྲུང་མའི་གར་འཆམ་དང་སེར་འཕྲེང་གི་སྔོན་དུ་དར་ནག་པོ་ཞིག་ཁྱེར་སྲོལ་འདུག་པ་དེའི་རྒྱུ་མཚན་གང་ཡིན་ཁ་གསལ་ཞིག་གསུང་རོགས།
ལན། སྤྱིར་ཟློག་པ་དང་དམོད་བཅོལ་སོགས་ཀྱི་སྐབས་དར་ནག་གཡོབ་པའི་ལུགས་སྲོལ་ཡོད་པ་ནི། དེའང་སྒྲུབ་གཞུང་རྣམས་ནས་ཟློག་པ་འཕེན་པའི་གཞུང་སྲང་སྐབས། ʼʼ དར་ནག་གཡོབ་ལ་འདི་སྐད་དོ། ʼʼ སོགས་མཇལ་རྒྱུ་ཡོད་པ་ལྟར་ཡིན། འོན་ཀྱང་ཅིས་ཕྱིར་དར་ནག་གཡོབ་པ་ནི་ཁ་གསལ་ཞིག་ད་བར་མ་མཇལ་ཡང་ལྷ་དང་སྲུང་མའི་ཕྱག་མཚན་གྱི་རྟགས་འཆད་སྐབས་དཔེར་ན། དབལ་གསས་སྐབས་སུ། ʼʼ དེ་འོག་སྲིད་པའི་བ་དན་ཕྱར། ཡེ་ཤེས་ལྷ་ཡི་དམག་དཔུང་བསྡུད། ʼʼ ཅེས་དང་། ཁྲོ་གསས་སྐབས་སུ། ʼʼ གཡས་པས་སྲིད་པའི་བ་དན་ནག་པོ་ཕྱར། རྒས་རྒུད་ཕུང་པོའི་བདུད་ལས་རྒྱལ་བར་མཛད། ʼʼ ཅེས་དང་། ཡང་། ʼʼ གཡས་པས་རླུང་གི་བ་དན་རུ་ཚོན་ཕྱར། རླུང་ལ་གནས་པའི་གདོན་རྣམས་དབང་དུ་བསྡུས། ʼʼ ཞེས་དང་། མ་མོའི་སྒྲུབ་པ་སྐབས་སུ། ʼʼ གཡས་པས་དར་ནག་རུ་ཚོན་རྒྱལ་ལཚན་བསྣམས་པ་ནི། བདུད་དང་དམག་ལས་ཡོངས་སུ་རྒྱལ་བའི་རྟགས། ʼʼ ཞེས་གསུངས་པ་རྣམས་ལ་བརྟག་ན་དར་ནག་གི་རུ་ཚོན་ནམ་དར་ནག་གཡོབ་པ་ནི་ཕར་རོལ་དགྲ་ལས་རྣམ་པར་རྒྱལ་བའི་བརྡ་དང་། བསྟན་ལ་འཚེ་བར་བྱེད་པའི་ནག་ཕྱོགས་པ་རྣམས་དབང་དུ་བསྡུ་ནས་བསྒྲལ་སྟབས་མནན་སྲེག་མཛད་པའི་བརྡ་མཚོན་པ་ཞིག་ཡིན་པར་སྙམ་ཞུ། །