དཀའ་ཐུབ་དང་འབྲེལ་བའི་དྲི་བ་ཚན་པ་བདུན།
རྩོམ་བྲིས་པ། རྔ་བ་རང་རིག དྲི་བ་གཏོང་མཁན། གསེར་གུར།
དྲི་བ། བོན་ལུགས་ཀྱི་དཀའ་ཐུབ་དང་འབྲེལ་བའི་དྲི་བ་ཚན་པ་བདུན་ཞུ་རྒྱུ་ནི་རིམ་ལྟར། ༡ འཁོར་སྡེ་བཞི་ཡ་བརྒྱད་གང་། ༢ དཀའ་ཐུབ་རྣམ་པ་གསུམ་གང་། ༣ གཞི་གསུམ་ཆོ་ག་ཞེས་པའི་གཞི་གསུམ་གང་། ༤ རང་ལུགས་ལ་དབྱར་དགག་མེད་པའི་ཚུལ་གང་། ༥ དཀའ་ཐུབ་ཀྱི་ཚུལ་གང་། ༦ སྟོན་པ་གཤེན་ལོ་གང་གི་སྐབས་རབ་བྱུང་གི་ཚུལ་མཛད་དེ་དཀའ་ཐུབ་གནང་། ༧ ཚུལ་ཁྲིམས་སྲུང་བ་གཅིག་པུས་སྒྲིབ་པ་དག་ནུས་སམ།
ལན། སྐུ་ཉིད་ཀྱི་བཀའ་འདྲིའི་ལན་རྣམས་གཤམ་ནས་ཨང་རིམ་ལྟར་གཟིགས།
༡༽ ལན། སྡེ་བཞི་ནི་སོ་ཐར་རིགས་བཞི་དང་ཡ་བརྒྱད་ནི་ཕོ་མོ་རྟེན་གྱི་སྒོ་ནས་རིགས་བརྒྱད་ལ་ཟེར།
༢༽ ལན། བྱ་ཡི་དཀའ་ཐུབ་དང་། སྤྲེའུའི་དཀའ་ཐུབ། མིའི་དཀའ་ཐུབ་དང་གསུམ་ལ་ཟེར།
༣༽ ལན། སྤྱིར་གཞི་གསུམ་ཆོ་ག་ཟེར་བ་ཞིག་རང་ལུགས་ལ་ཡོད་མེད་མི་ཤེས་མོད། ཡིན་ནའང་གཞན་སྡེས་གཞི་གསུམ་ཆོ་ག་ངོས་འཛིན་བྱེད་ཚུལ་ནི་”གསོ་སྦྱོང་དང་དབྱར་གནས་དགག་དབྱེ་གསུམ་གྱི་ལག་ལེན་དངོས་སུ་བསྟན་པའི་གཞུང་”ཞིག་ལ་ངོས་འཛིན་བྱེད་ཡོད། རེད་དེ་རང་ལུགས་ཀྱི་མཁས་དབང་ལྕང་སྤྲུལ་གཡུང་དྲུང་རྒྱལ་མཚན་དང་ཤར་རྫ་རིན་པོ་ཆེ་སོགས་ཀྱིས་གཞི་གསུམ་ཆོ་གའི་རྣམ་བཞག་མཛད་ཡོད་ནའང་རང་ལུགས་དང་མཐུན་མི་མཐུན་བརྗོད་དཀའ།
༤༽ ལན། ༼མདོ་ཁྱིམ་སྤང་ལས།༽ རྒྱུ་འབྲས་ཤེས་པའི་མི་ཆོག་པར་ཁྱིམ་སྤང་དགོས། ཁྱིམ་ཐབ་སྤངས་པས་མི་ཆོག་པར་རབ་དུ་བྱུང་དགོས། རབ་དུ་བྱུང་བས་མི་ཆོག་གོང་འཕེལ་དགོས། གོང་འཕེལ་བླངས་པས་མི་ཆོག་དཀའ་ཐུབ་དགོས། དཀའ་ཐུབ་བྱས་པས་མི་ཆོག་མཐར་ཕྱིན་དགོས། གསུངས་པ་བཞིན། དང་པོ་གང་ཟག་ཞིག་རབ་དུ་བྱུང་རྗེས་དཀའ་ཐུབ་བྱེད་དགོས་པ་ལས་དབྱར་དགག་བྱེད་དགོས་པ་བསྟན་མེད། དེ་བཞིན་སྟོན་པ་སངས་རྒྱས་ཀྱང་རབ་དུ་བྱུང་ནས་དཀའ་ཐུབ་རྣམ་པ་གསུམ་མཛད་པ་ལས་དབྱར་དགག་མཛད་པའི་ལོ་རྒྱུས་གང་ཡང་མེད། མ་ཟད༸ཡོངས་འཛིན་ཆེན་མོས་དབྱར་དགག་གི་ཕྱོགས་ལ་དགག་པ་ནན་པོ་མཛད་གནང་ཡོད། ༼དཀའ་ཐུབ་རྣམ་བཤད་ལས།༽ རང་ལུགས་ཀྱི་བཀའ་ལུང་གང་ལས་ཀྱང་དཀའ་ཐུབ་ལས་དབྱར་དགག་གསུངས་པ་དོན་མཐུན་མེད་པའི་ཕྱིར། ཡང༼འདུལ་རྩ་རྒྱལ་བསྟན་གསལ་རྒྱན༽ལས། ངེས་པར་རང་གཞུང་དཀའ་ཐུབ་མདོར་བསྟུན་ནས།། གཞན་ལ་ལྟོས་མེད་གཤེན་རབ་རྗེས་བསླབ་ན།། བསྙེན་པར་རྫོགས་རྗེས་དཀའ་ཐུབ་གསུམ་དུ་འབད།། ཅེས་གསུངས་ཡོད། ཡིན་ནའང་དབྱར་དགག་ཟེར་བའི་ཐ་སྙད་དེ་རང་གཞུང༼སྤྱི་ལྟོས་འགོག་པ་ཕྱོགས་སྡོམ་རྒྱུད་དང་། འདུལ་བ་ཀུན་ལས་བཏུས་པའི་གཞུང་དང་། འདུལ་འགྲེལ་འཕྲུལ་སྒྲོན།༽འགའ་རེའི་ནང་དུ་འབྱུང་གི་ཡོད་ཡིན་ནའང་དེའི་དགོངས་པ་གཞན་ཞིག་ཡིན་པ་ལས་གཞན་སྡེའི་དབྱར་དགག་ནང་བཞིན་མ་ཡིན་པ་༸སྨྲ་དབང་ཆེན་མོས་གསལ་པོ་གསུངས་ཡོད།
༥༽ ལན། སྤྱིར་དཀའ་ཐུབ་མཛད་ཚུལ་རྣམ་པ་གསུམ་དུ་བསྟན་ཡོད། རབ་ནི་ཇི་སྲིད་འཚོ་བའི་བར་དང་། འབྲིང་ནི་ལོ་གསུམ་དང་། ཐ་མ་ནི་ཞག་ཞེ་དགུ་དང་ཞག་བདུན་ཞག་ལྔ་ལ་སོགས་སུ་ཉམས་སུ་ལེན་པའོ།། དེ་རེ་རེ་ལ་ཡང་འབྲས་བུ་མི་འདྲ་བ་རེ་ཐོབ་ཚུལ་བཤད་ཡོད། སྤྱིར་རང་ལུགས་ལ་དཀའ་ཐུབ་མཛད་ཚུལ་སོ་སོའི་ཡུལ་དུས་དང་མཐུན་པའི་ལུགས་སྲོལ་མི་མཐུན་པ་འགའ་རེ་སྣང་ན་ཡང་། གཙོ་བོ་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་ལས་ཇི་ལྟར་བསྟན་པ་བཞིན་སྤྱོད་ན་ལེགས་སྙམ། དགེ་སྤྱོད་རྣམ་པར་དག་པའི་མདོ་ཤོག་གྲངས༼༢༢༧༽ལས་ཡན་ལག་བརྒྱད་དང་ལྡན་པ་རུ་ཤེས་ཏེ། ཞེས་པ་ནས། དགེ་བ་ལ་རྗེས་སུ་ཡིད་རངས་འབུལ་བ་ལས་སོགས་རྣམས་བྱའོ།། ཞེས་པའི་བར་གྱིས་དཀའ་ཐུབ་བྱེད་ཚུལ་གསལ་བོ་བསྟན་ཡོད་ལྟ་བར་བྱའོ། སྐབས་འདིར་ཅུང་ཙམ་ཞུ་ཁུལ་བྱས་ན། ༡༽ནམ་ལངས་པའི་དང་པོ་ཉི་མ་ཤར་བའི་རྩེ་མོ་ལ། ནབ་བཟའ་གོས་དྲུག་དང་གནང་བའི་རྫས་ལྔ་དང་ལྡན་པར་བྱས་ནས། ཁྲུས་དང་གཙང་སྦྲའི་སྒོ་རུ་འཇུག་པར་བྱ། ༢༽ཉི་མ་ཤར་ནས་དྲོས་ཆེན་ལ་མ་ཕྱིན་བར། གཡུང་དྲུང་སེམས་དཔའ་དག་པ་དྲང་སྲོང་གི་སྡེ་དང་། མཚུངས་པར་སྤྱོད་པའི་གྲོགས་ཀྱི་སྡེ་དང་། གཞན་ཡང་མཁན་སློབ་དཔང་པོ་ལོ་ཙ་སོགས་ཀྱི་མཚན་ནས་བརྗོད་ཅིང་ཕྱག་བཙལ་བ་དང་། བཤགས་པ་འབུལ་བ་སོགས་བྱ། ༣༽ཉི་མ་དྲོས་ནས་ཕྱེད་ལ་མ་ཕྱིན་བར། མནྚལ་སོགས་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་བཤམས་ཏེ། སྤྱན་དྲངས་དང་དགྱེས་བསྐྱེད་སོགས་མཐར་བཀྲ་ཤིས་དང་བསྔོ་སྨོན་གྱི་བར་དུ་བྱ། ༤༽ཉི་མའི་ཕྱེད་ནས་དགོང་མོ་རུ་མ་ཕྱིན་གྱི་བར། མོས་འདུན་གྱི་སྒོ་ནས་ཕྱག་སྐོར་དང་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་འཛབ་སོགས་རྒྱུན་ཆད་མེད་པར་བྱའོ།། ༥༽དེ་ནས་སྲོད་ལ་མ་བྱིན་གྱི་བར་དུ། འབྱུང་པོ་དང་ལན་ཆགས་ཀྱི་སྡེ་དང་ཁས་ཞན་དབང་ཆུང་གི་སྡེ་རིགས་རྣམས་ལ་གཏོར་མ་གཏོང་ཞིང་སྦྱིན་པ་རྒྱ་ཆེན་པོ་བསྔོ་བར་བྱ། ༦༽སྲོད་ནས་གུང་དུ་མ་ཕྱིན་གྱི་བར། བསྔོ་བ་སྨོན་ལམ་མི་དམིགས་པའི་རྒྱས་གདབ་པར་བྱ། ༧༽སྲོད་ནས་གུང་ལ་མ་ཕྱིན་བར། མི་དམིགས་མཉམ་པ་ཆེན་པོའི་ངང་ལ་འཇོག་པར་བྱའོ།། ༨༽ཐོ་རངས་ནས་ནམ་ལངས་ཀྱི་བར། བདེ་བར་གཤེགས་པའི་མཚན་བརྗོད་པ་དང་། བསྟོད་ཚིག་དང་ཐུགས་འཛབ་སོགས་ཞལ་འདོན་དུ་འདོན་པར་བྱ། ཡན་ལག་བརྒྱད་ལྡན་གྱི་དཀའ་ཐུབ་མཛད་ཚུལ་དེ་འདྲ་ཡིན་ནམ་སྙམ་ནོར་བ་ཡོད་ན་བཟོད་གསོལ་ཞུ།
༦༽ ལན། ༼མདོ་ཁྱིམ་སྤང་ལས།༽ མི་ཡི་ལོ་ནི་སུམ་སྟོང་ཆིག་བརྒྱ་ལ། གཤེན་གྱི་ལོ་ནི་སུམ་ཅུ་སོ་གཅིག་ན། འཕྲིན་ལས་དམ་པ་དང་དུ་བཞེས་ནས། ཁྱིམ་པ་ལས་རབ་དུ་བྱུང་སྟེ། གསུངས་པ་བཞིན། གཤེན་ལོ་སོ་གཅིག་བཞེས་སྐབས་སྟོན་པ་རབ་དུ་བྱུང་བ་དང་། དེ་ནས་རིམ་བཞིན་སུམ་ཅུ་རྩ་གསུམ་དང་རྒྱལ་ཆེན་རིགས་བཞི་འོལ་མོ་ལུང་རིང་སོགས་སུ་བྱོན་ནས་བྱ་སྤྲེལ་མི་གསུམ་གྱི་དཀའ་ཐུབ་རིམ་བཞིན་མཛད་པ་རེད།
༧༽ ལན། ༼དབུ་མ་ལས།༽ ཤེས་རབ་ཐབས་ཀྱིས་མ་ཟིན་ན། །ཐབས་ཀྱང་དེ་བཞིན་དེས་མི་འགྲུབ། །ཐབས་དང་ཤེས་རབ་ཟུང་འབྲེལ་ན། །ཡང་དག་འགྲུབ་པས་ཉམས་སུ་བླངས། །གསུངས་པ་བཞིན་ཚུལ་ཁྲིམས་རྐྱང་བའི་ལམ་ནས་སངས་རྒྱས་རྒྱུ་ཁག་པོ་ཡིན་ནམ་སྙམ།།