ཐོ་ལུམ་དང་ཐུ་ལུམ་སྐོར་ལ་དྲི་བ།
རྩོམ་བྲིས་པ། མེ་རམ་འབར་བ་སོགས། དྲི་བ་གཏོང་མཁན། ཁྱུང་གསེར་ཞུན།
དྲི་བ། ཐོ་ལུམ་དང་ཐུ་ལུམ་གཉིས་དོན་གཅིག་ཡིན་མིན་དང་། ཐོ་ལུམ་ཞེས་པ་ཞང་སྐད་ཡིན་ནམ།
ལན། རང་ཉིད་ཀྱི་བསམ་ཚུལ་ལ་ཐུ་ལུམ་དང་ཐོ་ལུམ་གཉིས་དོན་གཅིག་པར་སྙམས། དེ་ཞང་སྐད་ཡིན་མིན་ཤེས་མ་བྱུང་། ཕྱག་ཚན་འདི་ནི་རང་ཅག་གི་ཡི་དམ་མེ་རི་གེ་ཁོད་ཀྱི་ཕྱག་ཚན་ཏུ་ཡོད་པར་འདུག གཞན་ཡང་རྒྱ་གར་གྱི་ལྷ་སྤྲེའུ་ཡི་རྒྱལ་པོ་ཧ་ནུ་མན་(Hanuman) ཀྱི་ཕྱག་ཚན་ཡང་དེ་རེད་འདུག ཐུ་ལུམ་ནི་ཚོན་ཆ་ཞིག་རེད་འདུག དེ་གཉིས་ཀྱི་ནང་ནས་ཐུ་ལུམ་ཞེས་པ་འདི་མིང་ཚིག་ཆེས་སྙིང་བར་མཐོང་།
_____མེ་རམ་འབར་བ།
བཀའ་དྲིན་ཆེ། རང་གི་བསམ་ཚུལ་ཞིག་ལ། དབལ་གཞུང་དུ། གནམ་བདུད་ཐུ་ལུམ༼ཐོ་ལུམ༽ཞབས་ཀྱི་འོག་ཏུ་གཟིར། །ཞེས་པར་བསམ་ན་ཐོ་ལོམ་ཞེས་ཞང་སྐད་དུ་གནམ་བདུད་ཀྱི་དོན་ཡིན་ནམ་སྙམ་ཡང་ད་ལྟ་ཁུངས་གསལ་པོ་མ་རྙེད།
_____ཁྱུང་གསེར་ཞུན།
ལན། གཟེར་མིག་ལས། “འདི་ནས་དམྱལ་བའི་རླུང་དཔུང་དགུ་འགྱུར་ཙམ་གྱིས་གྲང་། །རིན་ཆེན་གསེར་གྱི་ཐུ་ལུམ་བསྐྱུར་བ་ཡང་། །ཐང་ཅིག་ཡུད་ལ་པད་མ་བཞིན་དུ་འགས། །” ཞེས་དང་། ཡང་དེ་ཉིད་ལས། “གཅོད་པའི་དགྲ་སྟ། དྲ་བའི་སོག་ལེ། འཚོག་པའི་ཐུ་ལུམ། འདེགས་པའི་གཟེར་ཆེན། །” ཞེས་སོགས་གསུངས། ཁྲོ་འགྲེལ་ལས། “ཞགས་ཐོགས་མང་པོའི་འཁོར་གྱིས་བསྐོར་བ་སོགས་བཤད་པའོ། །ལ་སོགས་ནི་རྩ་རྒྱུད་ནས། ཐུ་ལུམ་བེ་རྒ་ཐོད་ཁྲམ་རྩིས། །ལོག་པར་སྒྲོལ་བྱེད་ཕྱག་མཚན་རྫས། །” ཞེས་དང་། ཡང་དེ་ཉིན་ལས། “ཐོ་བ་དང་ཐུ་ལུམ་དང་། དེལ་ཕྲུག་ལ་སོགས་གཏུན་བུ་ནི་མང་པོ་སྟེ་མིག་ངན་དམ་སྲི་འདུལ་བའི་སྡེའོ། །” ཞེས་དང་། ཡང་དེ་ཉིད་ལས། “ཐུ་ལུམ་ནི་ཁྲོས་པ་བསྐལ་པའི་མེ་སྟེ། མདོ་ལས་ལྕགས་ཀྱི་ཐུ་ལུམ་མར་ཁུ་བཞིན་དུ་འཇུ་བ་བཤད་པ་ལྟ་བུའོ། །” ཞེས་སོགས་རྒྱ་ཆེར་བཤད་དོ།
_____ཧི་མ་ལ་ཡའི་རྒྱལ་སྲས།