ཐེག་འགྲེལ་མེ་ལོང་དགུ་སྐོར་བཀའ་ཡིན་མིན་སྐོར་ལ་དྲི་བ།
རྩོམ་བྲིས་པ། ཁྱུང་བསོད་བློ་སོགས། དྲི་བ་གཏོང་མཁན། ལི་ཁྲི་ཐིགས་པ།
ལན། རང་གི་བསམ་ཚུལ་རག་རག་ཞིག་ལ་ཐེག་འགྲེལ་མེ་ལོང་དགུ་སྐོར་དེ་སྟོན་པའི་བསྟན་པ་རྗེས་བཞག་གི་མཛད་པ་གྲུབ་ནས། སྟོན་པ་གཤེན་ལོ་སོ་གཅིག་བཞེས་པ་ནས་གཤེན་ལོ་བརྒྱད་བཅུ་རྩ་གཉིས་སྐུ་མི་རྟག་གི་ཚུལ་མ་བསྟན་གྱི་བར་སྐབས་སུ་གསུངས་པ་ཞིག་མིན་ནམ་དྲན། གང་ཡིན་ཟེར་ན་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་གཞུང་དེ་བཀའ་འཁོར་གསུམ་ལས་ཐ་མའི་ཁོངས་གཏོགས་ཡིན་ཚེ། གཙོ་བོ་བཀའ་འཁོར་གསུམ་གྱི་ནང་ཚན་གང་ཞིག་ལ་གཙོ་བོ་དོན་དམ་ངེས་པའི་གནད་དོན་གཙོར་སྟོན་གྱི་གཞུང་ཞིག་ལ་འཇོག་པའི་རྒྱུ་མཚན་གཅིག་དང་། ཀུན་མཁྱེན་གྱིས་ལྟ་བ་སྤྱི་གཅོད་ཀྱི་གཞུང་དེ་ཚོ་བཀའ་འཁོར་ཐ་མའི་གསང་རྒྱུད་ཀྱི་བཀའ་ཐ་མ་ལ་བཞག་མཛད་འདུག་པ་སོགས་ལ་གཞིར་བཅོལ་བས་ཡིན། གོང་གི་ལོ་ཚིག་རགས་ཙམ་མ་གཏོགས་བར་གྱི་གཤེན་ལོ་ངེས་པ་ཅན་འདི་ཞེས་ཐག་གཅོད་མ་ཕོད་དོ། །
དེ་མིན་འགའ་ཞིག་གི་དགོངས་ཚུལ་ལྟར་ཐེག་རིམ་དེ་བཀའ་འཁོར་དང་པོའི་ནང་དུ་གསུངས་པར་འདོད་ན། བཀའ་འཁོར་དང་པོ་དེ་ལ་རིག་པའི་གནས་ལྔའི་བསྡུས་པའི་བཀའ་དང་པོ་དང་། ཐེག་པ་རིམ་དགུས་བསྡུས་པའི་བཀའ་དང་པོ་གཉིས་སུ་ཡོད། དེའི་ནང་ནས་ཐེག་པ་རིམ་དགུའི་གཞུང་དེ་ཚོ་ནི་ཀུན་མཁྱེན་གྱིས་དགོངས་པར་ལྟར་ན། ལྷོ་གཏེར་གྱི་ཐེག་དགུ་སོ་སོའི་མདོ་དེ་ཚོ་ལ་བཞག་འདུག སྤྱིར་བཏང་བཀའ་འཁོར་དང་པོ་དང་བར་པའི་སྐབས་སུ་གསུང་པའི་བཀའ་ལ་ཐེག་པ་རིམ་དགུ་དང་སྒོ་བཞི་མཛོད་ལྔ་སོགས་ཅི་རིགས་ཀྱི་ཆ་ཡོད་ཀྱང་། ཀུན་མཁྱེན་བླ་མས་དགོངས་པ་ལྟར་ན་ལྟ་བ་སྤྱི་གཅོད་ཀྱི་བཀའ་གཞུང་དེ་ཚོ་ཕལ་ཆེར་བཀའ་འཁོར་གསུམ་ལས་མཐའ་མའི་གསང་རྒྱུད་ཀྱི་བཀའ་ལ་བཞག་འདུག་སྙམ་བྱུང་། དེ་དང་མཚུངས་པར་རང་གི་བསམ་ཚུལ་ལ་ཡང་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་མེ་ལོང་དགུ་སྐོར་དེ་ལྟ་བ་སྤྱི་གཅོད་ཀྱི་གཞུང་ལ་ཁས་ལེན་ན་འགྲིག་པར་སྙམ་ཡོད།
དེའང་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་མེ་ལོང་དགུ་སྐོར་དེ། བཀའ་འཁོར་གསུམ་གྱི་ནང་ཚང་གང་ཞིག་སྟོན་པས་ཁྱིམ་སྤང་རབ་ཏུ་བྱུང་ནས་གསུངས་པའི་ངེས་པའི་གནད་དོན་གཙོ་བོར་སྟོན་པའི་རིགས་གནས་ཞིག་ལ་ངོས་འཛིན་ཆོག་སྙམ། དེས་ན་དེ་ནི་བཀའ་འཁོར་མཐའ་མའི་མཚན་ཉིད་ཡིན་པས། བདག་གིས་བཀའ་འཁོར་མཐའ་མའི་ཁོངས་སུ་འདོད་པའི་རྒྱུ་མཚན་གཅིག་དེ་ཡིན།
_____ཁྱུང་བསོད་བློ།
ལན། ཐེག་འགྲེལ་མེ་ལོང་དགུ་སྐོར་སྟོན་པའི་གསུངས་ཡིན་མིན་ཐེ་ཚོམ་ཧ་ཅང་ཆེ་སྟེ། ལྷོ་གཏེར་གྱི་ཐེག་དགུ་དང་དབུས་གཏེར་གྱི་ཐེག་དགུ་གཉིས་རྩ་བའི་ཆ་ནས་ཧེ་བག་ཆེ་བ་མ་ཟད། མི་གཅིག་གིས་གསུངས་རེད་ཟེར་ན་བློ་ལ་མི་ཤོང་བའི་ཚོད་དུ་ཟད། བདག་ཅག་གི་སྟོན་པ་དགུང་ལོ་གཅིག་ནས་དགུ་བར་དུ་གསུངས་པའི་ཕྱྭ་སྣང་འཕྲུལ་སྲིད་སོགས། ད་ལྟའི་ལྷོ་གཏེར་གྱི་ཐེག་དགུ་འབོད་བཞིན་པ་དེ་སྟོན་པས་གསུང་པ་བདེན་དུ་སྣང་མོད། རྒྱ་གར་གྱི་བོན་སྐོར་འདི་ཚོ་སྟོན་པའི་གསུངས་ཡིན་མིན་ལ་བློས་ཞིབ་མོར་དཔྱད་དགོས་པར་སྣང་།
གང་ལྟར་ཐེག་འགྲེལ་མེ་ལོང་དགུ་སྐོར་ནི། དྲན་པས་མཛད་པའི་ཁོག་དབུབ་ལས་འཕྲོས་པའི་རྒྱབ་ཡིག་ལས། “ལྷ་བོན་ཡོངས་སུ་དག་པ་རྒྱ་གར་དང་ཨུ་རྒྱན་གྱི་མཚམས། བྲག་སྲིན་པོའི་འཕྲ་སྐས་ཅན་དུ་བསྒོམ་གྱིན་ཡོད་ཙ་ན། རྒྱ་གར་བོན་པོ་བདེ་བ་སྙིང་པོ་གསས་ཀྱིས། དངུལ་གྱི་རྒྱ་ལོང་དགུའི་ནང་དུ་གསེར་གྱི་མཎྜལ་ཕུལ་ཏེ། ཐེག་པ་རིམ་དགུའི་ཚད་མར་བཀྲོལ་ཏེ་ཞུས་པས། མིང་ཡང་ཚད་མ་འཕྲུལ་གྱི་མེ་ལོང་དགུ་བསྐོར་གྲགས། །” ཞེས་གསལ་བས། མེ་ལོང་དགུ་བསྐོར་ཞེས་པའི་མཚན་གསོལ་དགོས་པའི་རྒྱུ་མཚན་དང་བཅས་ནས་གསུངས་གནང་མཛད་འདུག་པས་ན། མཆེད་གྲོགས་དག་གིས་སྤྱན་རིས་གཡོ་ཙམ་མཛད་རོགས་ཞུའོ། །
དེ་བཞིན་རིགས་པས་དཔྱད་ན། གཅིག སྟོན་པ་གཅིག་གིས་ཐེག་དགུ་མི་འདྲ་བ་གཉིས་གསུང་མི་སྲིད། གཉིས། མེ་ལོང་དགུ་སྐོར་སྟོན་པའི་དགུང་ལོ་གང་དང་མཛད་པ་གང་གི་སྐབས་སུ་གསུངས་པ་སྟོན་པའི་རྣམ་ཐར་དུ་མི་གསལ། གསུམ། ལྷ་རབས་སྒམ་གསུམ་ཟེར་བའི་སྟོན་པའི་ཞུ་འཁོར་ཞིག་ཡོད་མེད་ཐེ་ཚོམ་ཆེ། བཞི། གོང་གི་ཁོག་དབུབ་ལས་འཕྲོས་པའི་རྒྱབ་ཡིག་ལས། རྒྱ་གར་བོན་པོ་བདེ་བ་སྙིང་པོ་གསས་ཀྱིས། དངུལ་གྱི་རྒྱ་ལོང་དགུའི་ནང་དུ་གསེར་གྱི་མཎྜལ་ཕུལ་ཏེ། ལྷ་བོན་ཡོངས་སུ་དག་པ་ལ་ཐེག་པ་རིམ་དགུའི་ཚད་མར་བཀྲོལ་ཏེ་ཞུས་པས། མིང་ཡང་ཚད་མ་འཕྲུལ་གྱི་མེ་ལོང་དགུ་བསྐོར་གྲགས། ཞེས་གསལ་བས། རྒྱུ་མཚན་དེ་དག་ལ་བརྟེན་ཏེ་ཕྲན་རང་ཉིད་ཀྱི་དོགས་པ་དཔྱད་གཞིར་ཕུལ་བ་ཙམ་ལས། བཀའ་མིན་ཞེས་ཐག་བཅད་དེ་བཤད་པ་ནི་མིན་པས། མཁས་དབང་ཚོའི་ཐུགས་ལ་འཇགས་པར་འཚལ་ཞེས་ཞུ། །
_____མེ་སྟག་ཕྲ་མོ།
ལན། བདག་ཅག་གི་སྟོན་པས་ཐེག་དགུ་གསུངས་པ་དེའང་དབུས་གཏེར་ཐེག་དགུ་ནི་གཙོ་བོ་ལྟ་བའི་ཆ་ནས་དང་། ལྷོ་གཏེར་ཐེག་དགུ་གཙོ་བོ་སྤྱོད་པའི་ཆ་ནས་དང་། དབུས་གཏེར་ཐེག་དགུ་གཙོ་བོ་ལྟ་སྤྱོད་ཟུང་འབྲེལ་ཆ་ནས་གསུངས། ཞེས་ཟེར་སྲོལ་ཡོད། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་སྟོན་པའི་བཀའ་ཡིན་ན་འགྲེལ་མེ་ལོང་དགུ་སྐོར་ནི་དེའི་ཆ་ལག་ཡིན་པ་བཞེད་པས་བཀའ་ཡིན་མིན་དྭོགས་པ་མི་དགོས་སྙམ།
_____ལོ་ཀའི་ཙཀྵུ།
ལན། ཐེག་འགྲེལ་མེ་ལོང་དགུ་སྐོར་ལ་གཞིག་པ། དྲན་པའི་རྩ་རྒྱུད་ཉི་སྒྲོན་ལས། གཤེན་རབ་དགུང་ལོ་དགུ་ལོན་སྐབས་སུ་”མེ་ལོང་དགུ་སྐོར་སེལ་བུ་ཀློ་རྡེག་གི་མན་ངག “ཅེས་པ་ཞིག་བསྟན་པར་གསལ་བ་དང་།
ཡང་འཁོར་སྤང་དགོན་མཛད་སྐབས་སུ་གསུངས་པ་ནི། “ཐེག་པ་སྤྱི་གཅོད་རྫོགས་ཆེན་སྐོར་རྣམས་གསུངས། རྫོགས་པ་ཆེན་པོ་གསེར་གྱི་ཕྲེང་བ། མན་ངག་འཁོར་ལོ་འོད་གསལ། སེམས་ལུང་ཡེ་ཁྲི་དཀར་པོ། ཡང་གསང་ཐིག་ལེ་བཅུད་འདུས། རྩ་འགྲེལ་རླུང་གི་སྦུ་གུ། གསང་བ་སེམས་ཀྱི་ལུང་ཆེན། ཐུགས་རྟེན་རིག་པའི་ལུང་ཆུང་། ལྟ་བ་སྤྱི་གཅོད་སྡེ་དྲུག མན་ངག་ལུང་ནོན་སྐོར་བཞི། བྱང་སེམས་གབ་པ་དགུ་སྐོར། མན་ངག་ཅོག་བཞག་ལུང་དྲུག རྫོགས་ཆེན་ཡེ་ཁྲི་མཐའ་སེལ། རྫོགས་ཆེན་གཡུང་དྲུང་ཀློང་ཡངས། གསལ་བྱེད་སྒྲོན་མ་དགུ་སྐོར། དྲི་མེད་ཤེལ་གྱི་སྙིང་པོ། མན་ངག་གསལ་སྒྲོན་འདུས་པ། གཡུང་དྲུང་ཐིག་ལེ་འདུས་པ། གཡུང་དྲུང་གསང་བའི་ལུང་བཅུད། རྫོགས་ཆེན་ཐིག་ལེ་སྒྲོན་མ། ཡང་རྩེ་ཀློང་ཆེན། ནམ་མཁའ་ཡངས་པའི་རྫོང་། མུ་མེད་རབ་འབྱམས་ཉམས་ཁྲིད་དཀར་པོ་དང་། སེང་གེ་སྒྲ་སྒྲག་ཡེ་ཤེས་རྩེ་རྒྱལ་རྫོགས། གྲངས་མེད་བསམ་འདས་བྱེ་མའི་ལ་ཙམ་གསུངས། །” ཞེས་ལུང་ཕྱི་མས་ཐེག་པ་སྤྱི་གཅོད་རྫོགས་ཆེན་སྐོར་རྣམས་གསུངས་པར་བསྟན་པ་མ་ཟད། རྫོགས་ཆེན་ཡེ་ཁྲི་ཡང་བསྟན་པར་གསུངས་པས། ཡེ་ཁྲིའི་སྐབས་སུ་བསྟན་པའི་ཐེག་དགུ་དང་། མེ་ལོང་དགུ་སྐོར་གྱི་ཐེག་དགུ་གཉིས་མིང་དོན་ཡོངས་སུ་མཚུངས་སྟབས་ཡེ་ཁྲིའི་གཞུང་འདི་སྟོན་པས་གསུངས་པར་འདོད་ན། མེ་ལོང་དགུ་སྐོར་མ་གསུངས་པའི་རྒྱུ་མཚན་མེད་པར་སེམས་སོ། །དེ་བཞིན་ཐེག་འགྲེལ་ནང་དུ། ” སྤྲུལ་སྐུ་གཤེན་རབ་མི་བོ་ངས། །” ཞེས་པའི་ཚིག་འདིས་སྟོན་པ་པོ་རང་ཉིད་གང་ཡིན་གསལ་བས་ན་ཡང་དེ་ལྟར་རོ། །
_____ཏི་སེའི་བུ།
ལན། ཐེག་འགྲེལ་ཞུ་བ་པོ་གསུམ་གྱི་ནང་ནས། སྒམ་ལྷ་བོ་ལྷ་སྲས་དེ་ཏུང་ཧོང་ཡིག་རྙིང་དང་དགའ་ཐང་འབུམ་པའི་ཡིག་རྙིང་གཉིས་ཀ་ནང་ལ་གཤེན་རབ་ཀྱི་འཁོར་ཡིན་པ་གསལ་བས་ན་ཐེ་ཚོམ་དགོས་དོན་མེད། མ་གཞི་ནས་བོད་དུ་དར་བའི་བན་བོན་གཉིས་ཀའི་ཐེག་པ་ཆེན་པོ་དེ་ཞིབ་པར་དཔྱད་ན་རྩ་བ་གཤེན་རབ་ལས་འགྲོ་ས་མེད་པ་ཞིག་རེད། ད་ལྟ་དངོས་པོའི་བདེན་དཔང་མ་རྙེད་ནས་ལུས་པ་ཙམ་ལས། ནམ་ཞིག་བདེན་དཔང་རྙེད་པའི་ཉིན་ཞིག་ཤར་ཚེ། ཤཱཀྱའི་རྒྱལ་སྲས་ནི་ཉན་ཐོས་སྟོན་པ་ཙམ་དུ་ཟད་དོ། བོན་པོ་ཚོའི་ནོར་བུ་རང་ལ་ཡོད་པ་ནོར་ཉམ་ཆོད་པར་གནང་དགོས་པར་གལ་ཆེའོ། །
མདོ་རྣམ་རྒྱལ་ཤོག་གྲངས་ ༡༩ ཡིག་ཕྲེང་ ༦ པ་ལས། “ དེ་ལ་ཐེག་པ་རིམ་པ་དགུ་ལྟར་ན། རྒྱུ་ཡི་ཐེག་པ་བཞི་དང་འབྲས་བུའི་ཐེག་པ་བཞི། བླ་ན་མེད་པའི་ཐེག་པ་དང་དགུའོ། །” ཞེས་པས་ལྷོ་གཏེར་དབུས་གཏེར་གཉིས་ཀ་དང་མཐུན་ལ། ཞེ་འདོད་གང་ལ་བཟུང་ཀྱང་འདྲེན་ཆོག་པའི་འདམ་གྱི་ཕུར་པ་འདྲ་བའི་ལུང་དང་། ཐེག་པ་བཞི་བཅུ་རྩ་ལྔ་ཕྱེ་ལུགས་འདི་དང་། གཤེན་རབ་སྤངས་རྟོགས་ནང་གསལ་བའི། གྲུབ་མཐའ་སྡེ་དགུའི་སྒོ་ནས་བསྟོད་པ་འདི་ནི་དབུས་གཏེར་གཙོ་བོ་བཏོན་པའི་ལུང་ཞིག་ཡིན་པ་ཚད་མས་གྲུབ་པའི་ཕྱིར་རོ། དེས་ན་རྣམ་པར་རྒྱལ་བའི་གཟུངས་ཆེན་འདི་ཡང་སྟོན་པའི་བཀའ་མ་ཡིན་པ་ཐལ། འདིར་བསྟན་ཐེག་དགུ་ཡང་མེ་ལོང་དགུ་སྐོར་དང་གཅིག་པ་བསྟན་པའི་ཕྱིར།
སྟོན་པའི་བཀའ་ཕལ་ཆེར་གདུལ་བྱའི་བློ་དང་བསྟུན་པ་ཡིན་ཙང་གང་ལ་གང་འདུལ་བསྟན་པ་ལས་མཐའ་གཅིག་ཏུ་ཨུ་ཚུགས་མེད་པར་སྙམ། སྐུ་ཚེའི་སྟོད་བཀའ་འཁོར་དང་པོའི་དུས་སུ་སྔ་བསྟན་ཐེག་དགུ་ནི་ཕྱྭ་སྣང་འཕྲུལ་སྲིད་སོགས་ཡབ་མེས་སྲིད་པའི་བོན་དང་ཤས་ཆེར་བསྟུན་པའམ་ཞང་བོད་ཤར་རྒྱུད་གདུལ་བྱའི་བློ་ངོ་ལ་བསྟན་པར་སྣང་ལ། བསྟན་པ་རྗེས་བཞག་སྐབས་ཀྱི་རྣམ་རྒྱལ་མདོ་ལས་ཟུར་ཙམ་བྱུང་བའི་ཐེག་དགུ་དང་། འཁོར་སྤངས་དགོན་པ་མཛད་པའི་སྐབས་སོགས་ནས་བསྟན་པའི་རྫོགས་ཆེན་ཡེ་ཁྲི་དང་ཐེག་རིམ་མངོན་དུ་བཤད་པའི་མདོ་ལས་བྱུང་བའི་ཐེག་དགུ་ནི་ཕྱིས་བརྩམས་སམ་སངས་རྒྱས་རང་གི་དགོངས་པ་ལྟར་རམ་ཞང་ཞུང་ནུབ་རྒྱུད་གདུལ་བྱའི་བློ་ཚོད་དང་བསྟུན་པར་སྣང་།
དེ་བཞིན་ཡེ་ཁྲི་ལ་ཟླའི་བམ་པོ་ལས། “ ཀྱེ་ཧོ་བོན་རྣམས་ཀུན་གྱི་གསང་མཛོད་པ། །ཀུན་གྱི་བཅུད་མྱོང་དྲན་པ་བདག །སྐལ་པ་གོང་ནས་ཚོགས་བསགས་པས། །ཆེ་བའི་ཡོན་ཏན་རྒྱན་རྣམས་ལྡན། །མདོ་སྔགས་རྒྱུད་སྡེའི་བཅུད་རྣམས་ལོངས། །འབྱུང་ལྔའི་ལྷ་མོས་དབང་བསྐུར་བས། །ཚེ་དབང་རིག་འཛིན་ཆེན་པོར་གྱུར། །ང་ནི་སྐྱེ་ཤི་མེད་པའི་ལུས། །ང་ནི་འཕོ་འགྱུར་མེད་པའི་ལུས། །ང་ནི་བསྟན་པ་ཀུན་གྱི་གཙོ། །ང་ནི་མཁས་པ་ཀུན་གྱི་ཕུལ། །ང་ནི་གྲུབ་ཐོབ་ཀུན་གྱི་རྗེ། །ང་ནི་རྫུ་འཕྲུལ་ཀུན་གྱི་བདག །བརྣག་པ་མཐར་ཕྱིན་རྒྱ་གར་བསྐོར། །ཡང་གསང་ཡེ་ཁྲི་མཐའ་སེལ་རྒྱུད། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །བསྟན་པའི་འབྱུང་གནས་ཞང་ཞུང་ནས། །བདེར་གཤེགས་ཐུགས་ཀྱི་ཐིགས་པ་སྤྲོས། །བསྟན་པའི་བཅུད་འཕེལ་རྒྱ་གར་ཡུལ། །མཁས་པ་རྣམས་ཀྱི་བཀའ་བགྲོས་པའི། །བཀའ་ཡི་གསང་མཛོད་ཟབ་མོ་འདི། །” ཞེས་སོགས་ཀྱི་སྐབས། “ བསྟན་པའི་འབྱུང་གནས་ཞང་ཞུང་ནས། །བདེར་གཤེགས་ཐུགས་ཀྱི་ཐིགས་པ་སྤྲོས། །བསྟན་པའི་བཅུད་འཕེལ་རྒྱ་གར་ཡུལ། །མཁས་པ་རྣམས་ཀྱི་བཀའ་བགྲོས་པའི། །བཀའ་ཡི་གསང་མཛོད་ཟབ་མོ་འདི།” འདི་དག་ལ་བསམ་གཞིག་བྱ་ན་རྒྱ་གར་བོན་འཁོར་དེ་ཚོ་ཐོག་མར་གང་བྱུང་འདུག་མཁྱེན་ནུས།
བན་དེས་བཤད་པའི་བོད་བརྒྱུད་ནང་པ་དང་རྒྱ་བརྒྱུད་ནང་པ་ཞེས་པ་གཉིས་ཐོག་མར་འབྱུང་སའི་གནས་རྒྱ་གར་ནཱ་ལེཎྚ་ཡིན་ཀྱང་། དེ་དག་ཤཱཀྱ་ཐུབ་པའི་སྐུ་དུས་སུ་གསུངས་པའི་ཁུངས་མེད་ལ། བཀའ་བསྡུ་རིམ་པ་གསུམ་གྱི་ནང་ན་ཡང་མེད་པས་ན། ལྷོ་རྒྱུད་ཐེག་དམན་པའམ་བཅོམ་ལྡན་ཤཱཀྱའི་ཆོས་ལུགས་ལྷད་མེད་ནང་ཆོས་པ་སྟེ། དཔེར་ན། འབར་མ་དང་ཐ་ལེན་ཌའི་ནང་པས་གནའ་དེང་གང་ལའང་ཁས་མི་ལེན་པར་རྩ་བ་དེར་ཐུག་ཡོད།
ཐུབ་པ་མྱང་ངན་འདས་རྗེས་མི་ལོ་སུམ་བརྒྱ་བཞི་བརྒྱ་ཡས་མས་ནས་ད་གཟོད་དེས་གསུང་པར་གྲགས་པའི་གླེགས་བམ་མང་པོ་ཞིག་ཀླུ་ཐོགས་གཉིས་ཀྱིས་གནམ་ས་གཉིས་ནས་བླངས་འོང་བར་གྲགས་པ་དེ་དག་ནི། བོན་པོ་དང་རྙིང་མའི་དག་སྣང་གི་ཆོས་སྐོར་དང་། ས་སྐྱའི་ཞེན་པ་བཞི་བྲལ་གྱི་གདམས་ངག་བཞིན་བླ་མ་ག་གེ་མོ་ལ་ལྷག་པའི་ལྷས་ཞལ་གཟིགས་ཆོས་སྐོར་ཞིག་ལ་འགྲོ་བ་མ་གཏོགས་ཐུབ་དབང་སྐུ་འཚོ་གཞེས་དུས་མཛད་པ་མིན་པ་ནི་མངོན་སུམ་ཚད་མས་གྲུབ་ཡོད།
དེས་ན་ལྷོ་རྒྱུད་ནང་པས་ཐུབ་དབང་གི་གསུང་མིན་པར་བཤད་པ་དེ་ནི་བདེན་པའི་རང་ཚུགས་ཟིན་ནས་བསྡད་ཡོད། དེ་ནི་ཆོས་དང་འཇིག་རྟེན་གཉིས་ཀར་མཚུངས་པ་དང་བདེན་དོན་གཙོ་བོར་འཛིན་པའི་རང་གཤིས་ཞིག་ཀྱང་ཞིག་རེད། ཁོ་ཚོའི་བདེན་པའི་རང་གཤིས་དེ་ནི། བོད་པ་བླ་མའི་ཆོས་ལུགས་པ་བཞིན་རང་ཚུགས་མེད་པར་ལ་ཁའི་དར་ལྕོག་བཞིན་ཤར་རླུང་གིས་ནུབ་ཏུ་བསྐྱོད་པ་དང་ནུབ་རླུང་གིས་ཤར་དུ་བསྐྱོད་པ་དང་འདྲ་མ་འདྲེས་འཆོལ་གྱི་བླ་མ་རེའི་ཆོས་ལུགས་རེ་བཟོས་གཞག་པའི་ཆོས་ལ་དག་སྣང་བྱེད་ཅེས་པའི་འུད་སྒྲོག་དང་སྒྲོ་བཏགས་བྱེད་བཞིན་དུ་འུར་བ་དང་ཡེ་ནས་བསྡུར་ཐབ་བྲལ།
པར་འདི་ཆགས་ལོ་ཙཱ་བའི་སྐོར་རེད། ཐེག་ཆེན་བཀའ་ཡིན་མིན་རྒྱ་གར་ན་འཐབ་རྩོད་གང་འདྲ་ཡོད་པ་ཟུར་བལྟས་ལེབ་མཐོང་ཡིན། གང་ལྟར་རྩ་བའི་གླེང་གཞི་ཐེག་འགྲེལ་མེ་ལོང་དགུ་སྐོར་དེ་ཉིད་ནི་སྟོན་པའི་སྐུ་ཚེའི་སྨད་དུ་གསུངས་པར་གསལ་པོ་རེད་སྙམ།
_____དོན་ཀུན་འགྲུབ་པ།
དྲི་བ། ཐེག་འགྲེལ་དེ་བཀའ་འཁོར་ཐ་མའི་སྐབས་སུ་གསུངས་པ་ཡིན་པའི་རྒྱུ་མཚན་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་གྱི་ཆ་ལག་ཡིན་པའི་རྒྱུ་མཚན་དེ་ཙམ་རེད་དམ། ཡང་ན་གཞན་ཞིག་ཡིན། མདོར་བསྡུས་ན་ཐེག་འགྲེལ་མེ་ལོང་དགུ་སྐོར་དེ་སྟོན་པས་ག་དུས་གསུངས་པ་རེད། བཀའ་འཁོར་དང་པོ་དང་གཉིས་པ། གསུམ་པ་གང་གི་སྐབས་སུ་གསུངས་པ་རེད། གལ་སྲིད་དེ་གསལ་པོ་མཁྱེན་པ་ཡིན་ན་གནད་དོན་དེ་ལ་ལན་གནང་བར་ཞུ།
_____Shedup Tenzin
ལན། དེ་ལ་རྒྱུ་མཚན་འགའ་ཞིག་སྟེ། གཅིག གོང་གི་བསྟན་པ་རྗེས་བཞག་མདོ་རྣམ་རྒྱལ་ལས་བསྟན་པའི་ཐེག་དགུ་དང་ནང་དོན་གཅིག་ཡིན་པ། གཉིས། དེ་བཞིན་ཡེ་ཁྲིའི་ཆ་ལག་ཡིན་པ། གསུམ། ཐེག་འགྲེལ་གྱི་བསྟན་བྱ་དོན་དམ་བདེན་པ་རྫོགས་ཆེན་ལྟ་བ་གཏན་ལ་འབེབ་བྱེད་གཙོ་བོའི་དམིགས་ཡུལ་དུ་བཟུང་ནས། ཞོར་ལ་ཕྱོགས་སྔ་ཐེག་པ་འོག་མ་བརྒྱད་པོའི་ལྟ་སྒོམ་སྤྱོད་འབྲས་དང་། ད་དུང་ཕྱི་རོལ་པ་དང་བཅས་པའི་གཞུང་ལུགས་ཕྲན་ཚེག་རེ་གསལ་བ་བཅས་གང་ལ་གཞིག་ཀྱང་བཀའ་འཁོར་གསུམ་པའི་སྐབས་སུ་ཡིན་པར་སྙམ། གང་ལྟར་བཀའ་ཡིན་མིན་ཐེ་ཚོམ་མེད་ཀྱང་། གསུངས་སའི་གནས་དང་དུས་བཅས་ལ་མཐའ་དཔྱོད་སྡོམ་ཚིག་བཀོད་པ་མ་ཡིན་པས་བློ་ལྡན་རྣམས་ཀྱིས་ད་རུང་དཔྱོད་དགོས་པར་སྣང་ངོ་། །
_____དོན་ཀུན་འགྲུབ་པ།
ལན། མེ་སྟག་ཕྲ་མོ་ལགས། གཅིག སྐུ་ཉིད་ཀྱི་དྲི་བ་འདི་ཚོ་བསམ་གཞིག་དེ་ཙམ་མ་གནང་པའི་ཚོད་དུ་སྣང་། ལྷོ་གཏེར་ཐེག་དགུ་འདི་ནི་སྟོན་པས་ཐོག་མར་གདུལ་བྱའི་སེམས་ཁམས་དང་འཚམས་པའི་མོ་རྩིས་གཏོ་དཔྱད་སོགས་སྤྱོད་པ་གཙོ་བོར་བསྟན་ནས་སྐུ་ཚེའི་སྟོད་དུ་གསུངས་པ་དང་། དབུས་གཏེར་ཐེག་དགུ་འདི་འཁོར་དུ་འདུས་པ་རྣམས་ངེས་དོན་ཡང་དག་པར་སྒྲུབ་པའི་ཕྱིར་དུ་ལྟ་བ་གཙོ་བོར་བསྟན་ནས་སྐུ་ཚེའི་སྨད་དུ་གསུངས་པ་འདི་གཉིས་ལ་དགོས་པ་དུ་མ་དང་ལྡན་འདུག་སྙམ། སྟོན་པ་གཅིག་གིས་ཐེག་དགུ་གཉིས་གསུངས་པ་འགལ་བ་ཡིན་ན་མདོ་སྔགས་སེམས་གསུམ་གསུངས་པ་ཡང་འགལ་བ་ཡིན་ནམ། ཐེག་པ་གཅིག་ལས་མི་ཚད་པ་དགུ་གསུངས་པ་དེ་ཡང་འགལ་བ་ཡིན་ནམ།
གཉིས། སྟོན་པས་གསུང་ཚད་དགུང་ལོ་འདི་དུས་གསུངས་ཟེར་བའི་ཁ་གསལ་ཡོད་དགོས་ན་ཁག་པོ་རེད། དཔེར་ན། འགྲོ་མགོན་བློ་གྲོས་སོགས་དུས་ཕྱིས་སུ་བྱུང་བའི་མཁས་གྲུབ་ཚོའི་གསུང་རྩོམ་ཁག་དགུང་ལོ་འདི་དུས་གསུངས་ཟེར་བ་གཏན་གཏན་ཞིག་མེད་པ་དང་གཅིག་མཚུངས་རེད། ཡིན་ན་འགྲེལ་མེ་ལོང་དགུང་ལོ་དྲུག་ཅུའི་སྐབས་སུ་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་སོགས་རྫོགས་ཆེན་བོན་སྡེ་མང་པོ་ཞིག་གསུང་པའི་ཁོངས་སུ་བྱོན་པར་མངོན་ཞེས་ཚོད་དཔག་བྱེད་མཁན་བྱུང་འདུག་པ་ནི། འཐད་ལྡན་དུ་ཁས་བླངས་ན་འགྲིག་སྙམ།
གསུམ། དོགས་གླེང་འདི་ཐུགས་དགོངས་ཅུང་རྒྱ་ཆུང་དྲགས་པའི་གསུང་ཞིག་ཨེ་རེད་དམ། སྟོན་པས་གཞུང་མི་འདྲ་བ་རེ་གསུང་དུས་ཞུ་འཁོར་མི་འདྲ་བ་རེ་ཕལ་ཆེར་ཡོད། དཔེར་ན། ནག་རྩིས་སྐབས་གཙུག་ལག་ཞུ་བའི་གཤེན་བརྒྱད་དང་། མཛོད་ཕུགས་ཞུ་བའི་གཤེན་བརྒྱད། ཁམས་ཆེན་ཞུ་བའི་གཤེན་བརྒྱད་སོགས་མི་འདྲ་བ་རེ་རེ་ནས་ཡོད། བྱམས་མ་འབུམ་ལྔ་ལའང་དམིགས་སུ་ཞུ་འཁོར་མི་འདྲ་བ་ལྔ་ཡོད། དེ་ཚོ་དུས་རྒྱུན་བོན་གཞུང་གཞན་ནས་གསལ་བ་ཆེས་ཉུང་ཉུང་རེད། གང་ལྟར་སྐུ་ཉིད་ཀྱི་ལྷ་རབ་སྒམ་གསུམ་ཐད་ལ་དོགས་གཞི་བྱུང་དོན་དཔེ་གཞུང་གཞན་གྱི་ཞུ་འཁོར་དུ་མ་ཐོན་བའི་དོན་ཡིན་ན་དེ་ནི་མཚན་ཉིད་རིག་པའི་འགྲོས་དང་འགལ་བའི་རྟོག་འཆར་ཙམ་རེད་སྙམ།
བཞི། འདི་ལ་དོགས་གཞི་ཟ་དགོས་པ་དེ་བས་ཀྱང་མི་འདུག་སྙམ། རྒྱ་གར་གྱི་བོན་པོ་བདེ་བ་སྙིང་པོའི་གསས་ཀྱིས། ལྷ་བོན་ཡོངས་སུ་དག་པ་ལ་ཐེག་འགྲེལ་ཞུས་སྐབས། ལྷ་བོན་མཆོག་གིས་སྒྲུབ་བྱེད་བོན་ཅན་དང་གཏན་ཚིགས་སོགས་རིགས་པ་ཡང་དག་གི་ལམ་ནས་མ་ནོར་བ་བཀྲོལ་བས་ན་ཚད་མ་འཕྲུལ་གྱི་མེ་ལོང་དུ་གྲགས་པ་ལས། དེ་ལ་བསྲེ་ལྷད་ནོར་འཁྲུལ་བཏང་བ་གང་ཡང་གསལ་མི་འདུག་སྙམ།
དེ་མིན་གཏམ་ཤུལ་ནས་རྙེད་པའི་དཔེ་རྙིང་ནང་དུ་གསལ་བའི་སྒམ་ལྷ་བོ་ལྷ་སྲས་སྐོར་འདི་རེད། ཏུན་ཧོང་ཡིག་རྙིང་སྐོར་ནི་ངས་མཇལ་མྱོང་མེད། ད་དུང་གཞན་པ་འགའ་ནས་རིག་མྱོང་ཡོད་ཀྱང་གསལ་པོ་མི་དྲན། བོན་པོ་ཚོས་དེ་དཔེ་ཆ་དེ་ལ་མཐོང་ཆེན་པོ་དེ་ཙམ་མི་བྱེད་ཡང་། དོན་ངོ་མ་དཔེ་གཞུང་དེ་གདོད་མའི་བོན་དང་གཡུང་དྲུང་བོན་གྱི་རིང་ལུགས་བར་དུ་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་མཐོང་།
_____ཞང་ཚུལ་མི།
ལན། གོང་དུ་ཐེག་འགྲེལ་མེ་ལོང་དགུ་སྐོར་དེ་བཀའ་ཡིན་མིན་དང་། གལ་ཏེ་བཀའ་ཡིན་ན་སྟོན་པས་བཀའ་འཁོར་གང་གི་སྐབས་སུ་གསུངས་པའི་ཐད་ལ་རྣམ་པ་ཚོས་བགྲོ་གླེང་གང་མང་ཞིག་གནང་འདུག་པས་བཀའ་དྲིན་ཆེ། གུས་པར་གོང་དུ་རྣམ་པ་ཚོའི་དགོངས་འཆར་ལས་ལྷག་པའི་རིག་པ་འཕེལ་བ་གང་ཡང་ཞུ་རྒྱུ་མེད་ཀྱང་བསམ་ཚུལ་ཐུང་ངུ་ཞིག་ཞུ་ན། འགྲེལ་འདི་བཀའ་ཡིན་མིན་ཐད་ལ། ཐེག་འགྲེལ་མེ་ལོང་དགུ་སྐོར་རང་ལས། “སྟོན་པ་སྨྲ་བའི་སེང་གེ་ངས། །འཇིག་རྟེན་འཛམ་གླིང་མི་ཡུལ་དུ། །ཚད་མ་འཕྲུལ་གྱི་མེ་ལོང་བསྒྲགས། །བོན་རྣམས་ཀུན་ཀྱི་གཏིང་ཐུག་པ། །འཁོར་གྱི་གཤེན་རབ་སེམས་ལ་ཞོག །” ཅེས་དང་། ཡང་དེ་ཉིད་ལས། “ སྤྲུལ་སྐུ་གཤེན་རབ་མི་ཡུལ་གྱི། ལྷ་རི་གྱང་མཐོའི་རྩེ་ན་བཞུགས་པའི་ཚེ། ལྷ་བོན་སྒམ་གསུམ་གྱིས་འདི་སྐད་ཅེས་གསོལ་ཏོ། །” ཟེར་བ་འདི་ཚོ་ཁུངས་བདེན་ཡིན་ན་བཀའ་ཡིན་མིན་ལ་དོགས་གཞི་དགོས་པ་མི་འདུག་དྲན།
དེ་བཞིན་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་རྩོད་སྤོང་སྨྲ་བའི་སེང་གེ་ལས། “ སྟོན་མཆོག་སྒྲོན་མས་བཀའ་སྩལ་པ། །ལྷ་རབས་སྒམ་གསུམ་ལ་སོགས་ཏེ། །འཁོར་འདུས་གཤེན་གྱི་ཚོགས་རྣམས་ཉོན། །ང་ཡིས་རྩོད་པའི་སྐྱོན་སྤོང་འདི། །མེ་ལོང་དགུ་བསྐོར་རྗེས་འབྲང་བཤད། །ཁྱོད་ཀྱིས་འདི་ཡི་མདོ་རྟོགས་ལ། །ཕྱིར་རྒོལ་རྩོད་པ་སུན་ཕྱུངས་ཤིག །” ཅེས་སྟོན་པ་མཆོག་གིས་རྩོད་སྤོང་སྨྲ་སེང་མཛད་པའི་གོང་དུ་མེ་ལོང་དགུ་སྐོར་ཞེས་པ་གསུངས་ཟིན་པ་ངེས་ཐུབ། ད་དུང་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་འདི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་གཤེན་རབ་ཉིད་ལ་དགོངས་པ་བརྡ་རྒྱུད་དུ་གསུངས། དེ་ནས་སྟོན་པ་གཤེན་རབ་ཉིད་ཀྱིས་འགྲེལ་བ་མཛད་པ་ནི། འགྲེལ་ལས། “ གང་བཤད་ཅེ་ན། ཐེག་པ་བསམ་ཡས་རྣམ་པ་དགུ་རུ་བསྡུས། མ་ངེས་གཅིག་གཉིས་གནས་ཀྱང་དགུ་རུ་ཕྱེས། །” ཞེས་དང་། ཡང་དེ་ཉིད་ལས། “ སུ་ལ་བཤད་ཅེ་ན། སྤྲུལ་པའི་སྐུ་གཤེན་རབ་མི་བོ་ང་ལ་བཤད་དེ། གོ་ངེས་པར་བསྒྲགས་པའོ། །” ཞེས་འདི་ཉིད་བཀའ་ཡིན་པ་སྟོན་པ་རང་གིས་དག་འབུད་གནང་འདུག་དྲན།
བཀའ་འཁོར་གང་གི་སྐབས་སུ་དང་དུས་ནམ་ཞིག་སོགས་ལ་དྲིས་པར། སྤྱིར་བཏང་སྟོན་པའི་བཀའ་དེ་ཚོ་གསུངས་དུས་ལ་དེང་གི་ལོ་ཟླ་ཚེས་འགོད་ཚུལ་ལྟ་བུ་རེ་རེ་ནས་ཡོད་པ་མཇལ་ཁག་ཙམ་རེད་དེ། ཡ་མཚན་པ་ཞིག་ལ་ཐེག་འགྲེལ་འདི་ཉིད་གསུངས་བའི་དུས་ཚེས་དཔེ་མེད་གསལ་པོ་ཞིག་གསུངས་འདུག་སྟེ། འགྲེལ་ལས། “ དུས་ནི། དཔྱིད་ཟླ་ར་བའི་ཚེས་བདུན་ནས་ཉི་ཤུ་བརྒྱད་ཀྱི་བར་དུའོ། །” ཞེས་སོ། །
བཀའ་འཁོར་ནི་གོང་དུ་མཁྱེན་ལྡན་ཚོས་གསུངས་པ་བཞིན་གུས་པས་ཀྱང་བཀའ་འཁོར་མཐའ་མའི་སྐབས་སུ་འདོད། རྒྱུ་མཚན་གཅིག་ནི། དབུས་གཏེར་ཐེག་དགུའི་སྤྱི་དོན་བདུན་པོ་རེ་རེ་ཞིབ་ཕྲ་ནས་འཆད་པའི་གཞུང་གཅིག་ནི་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་ཡིན་པ་དང་། ལྷག་དོན་འགྲེལ་དང་ཆ་ལག་གང་མང་ཞིག་ནང་ཐེག་པ་རེ་རེའི་དོན་དང་བརྡ་འཆད་སྐབས་ལུང་དྲངས་པ། དཔེར་ན། “ ལ་ཟླའི་བམ་པོ་ལས། སྟོན་པའི་གསུང་ལ་རག་ལུས་པས། །གཞན་བརྟེན་མིང་གི་ངེས་ཚིག་ཡིན། །” སོགས་གསུངས་པའི་ལ་ཟླའི་བམ་པོ་ནི། ‘སྤྱི་རྒྱུད་ཆེན་པོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་ལས་ལ་ཟློ་བའི་བམ་པོ།’ ཞེས་པ་འདི་ཉིད་ཡིན། རྫོགས་ཆེན་ཡེ་ཁྲིའི་བོན་འཁོར་དེ་ཚོ་སྟོན་པས་འཁོར་སྤངས་དགོན་པ་མཛད་པའི་སྐབས་སུ་གསུངས་པ་གཞུང་མང་དག་ལས་གསལ་བས་འགྲེལ་བཤད་ཆེར་མི་དགོས།
མཁས་པའི་དབང་པོ་སྒ་སྟོན་གྱིས་ཀྱང་ཐེག་རིམ་གྱི་རྒྱུད་འདི་ཉིད་རྫོགས་ཆེན་ངེས་དོན་ལ་ཟླའི་ཁོངས་སུ་འདུ་ཚུལ་གསུངས་པ་དང་། དེ་དང་མཚུངས་པར་༸སྨྲ་དབང་ཆེན་མོའི་བཀའ་ཐུབ་རྣམ་བཤད་རྒྱལ་བསྟན་གསལ་བྱེད་ལས། “ཐེག་འགྲེལ་མེ་ལོང་ཡེ་ཁྲིའི་ལྟ་བ་སྤྱི་གཅོད་ཀྱི་གཞུང་དེའི་དོན་ཡིན་པ་གསུང་སྲོལ་ཡོད་པ་ལྟར་ཡིན་པས་འདིར་དེའི་དོན་འཆད་རྒྱུ། །” ཞེས་བཞེད་ཡོད། ཀུན་མཁྱེན་ཉི་མ་བསྟན་འཛིན་དང་དྲན་དབང་ཤར་རྫ་པ་སོགས་ཀྱིས་ཀྱང་དབུས་གཏེར་ཐེག་དགུའི་གཞུང་དང་ཆ་ལག་རྣམས་ནི་རྒྱུད་ཡེ་ཁྲི་མཐའ་སེལ་སོགས་ཀྱི་གཞུང་དོན་དང་གཅིག་པར་གསུངས་ཡོད། དགོངས་བཞེད་ཆེན་པོ་དེ་དག་གི་རྗེས་སུ་འབྲང་སྟེ་ཐེག་འགྲེལ་གྱི་གཞུང་འདི་ཉིད་ལ་བརྟག་ཚེ། ཐེག་པ་འོག་མ་རྣམས་ཀྱི་ལྟ་སྤྱོད་དག་ལས་རིམ་པར་ཁྱད་བཏོན་ཏེ། མཐར་ཐུག་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྤྱོད་ལ་ལ་ཟླའམ་དེ་ཉིད་ལ་མཐའ་བཞག་པ་སྟེ་བཀའ་འཁོར་མཐའ་མ་གསང་རྒྱུད་ཀྱི་བཀའ་རྣམས་ཏེ་ཕྱི་ལྟ་བ་སྤྱི་གཅོད་ཀྱི་གཞུང་དང་ཡོངས་སུ་མཐུན་པར་འདུག་སྙམ་མོ། །
དེ་མིན་འདིར་གླེང་བྱ་གཞན་ཞིག་ནི། རྩ་རྒྱུད་ཉི་སྒྲོན་དང་། གསང་སྔགས་རྫོང་འཕྲང་སོགས་ལས་གསུངས་པའི་མེ་ལོང་དགུ་སྐོར་ཞེས་པ་དེ་ཡིན། དེའང་གསང་སྔགས་རྫོང་འཕྲང་ལས། གཞུང་དེ་རྒྱུད་གང་ལས་བཏུས་པ་སྟོན་སྐབས། དེ་ཉིད་ལས། “ མཛོད་ཀྱི་བོན་ལ། རྫོགས་པ་རིན་ཆེན་གསེར་གྱི་འཕྲེང་བ། ཡང་གསང་ཐིག་ལེ་བཅུད་སྡུད། རྩ་འགྲེལ་རླུང་གི་སྦུ་གུ། མན་ངག་འཁོར་ལོ་འོད་གསལ། གཡུང་དྲུང་ཡེ་ཁྱབ་རྩོད་པ་ཀུན་རྫོགས། སེམས་ཀྱི་མྱུ་གུ་ཐེག་སྒོ་ལ་ཟློས། མེ་ལོང་དགུ་སྐོར། སིལ་བུ་བློ་རྡེག་རྣམས་ཀྱི་ནང་ནས། རྫོགས་པ་ཆེན་པོ་ཡེ་ཁྱབ་ལྟ་བའི་མཛོད་ཀྱིས་རྫོང་འཕྲང་བཏུས་སོ། །” ཞེས་པ་དང་། ཡང་དེ་ཉིད་ལས་ཐེག་དགུའི་བཤད་བྱ་བོན་གྱི་བྱེ་བྲག་འཆད་པ་ལས་ཐེག་པ་དགུ་པ་ཡོངས་རྩེ་བླ་ན་མེད་པའི་ཐེག་པ་སྐབས་སུ། “ ཁྱད་པར་ཡང་རྩེ་ནི། མན་ངག་སྡེ་ལྔ་སྟེ། གཡུང་དྲུང་ཡེ་ཁྱབ་རྩོད་པ་ཀུན་ཟློག་གི་མན་ངག སེམས་ཀྱི་མྱུ་གུ་ཐེག་སྒོ་ལ་ཟློས་ཀྱིས་མན་ངག མེ་ལོང་རྒུ་སྐོར་སིལ་བུ་གློ་རྡེག་གིས་མན་ངག་དང་། ལྔ་སྟེ་སྤྱི་ལ་གདམས་སོ། །” ཞེས་པའི་མེ་ལོང་དགུ་སྐོར་ནི་ད་ལྟའི་གླེང་བཞིན་པའི་ཐེག་འགྲེལ་མེ་ལོང་དགུ་སྐོར་དེ་ཡིན་ནམ་ཡང་ན། བསེན་ཐུབ་ལས་དོན་དྲུག་གི་ཆ་རྐྱེན་དུ་གསུངས་པའི་མེ་ལོང་དགུ་སྐོར་ཞེས་པ་གསུངས་ཏེ། དེ་ཉིད་ལས། “ཐབས་ཀྱི་མེ་ལོང་ཐིག་ལེ་རྐྱང་སྦྲག་སྤྱོད། །འཛིན་པའི་མེ་ལོང་གསེར་གྱི་ལུང་ནོན་ཆེ། །གནས་པའི་མེ་ལོང་ལུང་ཕྲན་རྩ་བར་བཟུང་། །གསུང་གི་མེ་ལོང་ཁུ་བྱུག་རོལ་པ་ཆེ། །ཐུགས་ཀྱི་མེ་ལོང་ཅོག་བཞག་མཉམ་པའི་ངང་། །གསལ་བའི་མེ་ལོང་རིག་པའི་རྒྱུན་ཐག་སྲིང་། །གོམ་པའི་མེ་ལོང་ལུང་གི་རྒྱུན་ཐག་སྐྱོང་། །བསྐལ་པའི་མེ་ལོང་སེམས་ཀྱི་ངང་ཐག་མཐུད། །སྣང་ལ་དངོས་མེད་མཛུབ་ཚུགས་ལྷུག་པར་ཞོགས། །” ཞེས་པ་དེ་དག་ཡིན། ཡང་ན་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ནང་ནས་བྱུང་བའི་(འཕྲུལ་གྱི་མེ་ལོང་དགུ་སྐོར)ཞེས་པའི་མན་ངག་གི་ལེའུ་དེ་དག་ཡིན་གང་ལྟར་དེའི་སྐོར་ལ་ད་དུང་དཔྱད་དགོས་པ་མང་པོ་འདུག་སྙམ།
དེ་བཞིན་ཡེ་ཁྲི་མཐའ་སེལ་འདི་ཉིད་གངས་ཅན་ལྗོངས་སུ་ཐོག་མར་ཇི་ལྟར་དར་བའི་སྐོར་ལ། ཡེ་ཁྲི་མཐའ་སེལ་གྱི་ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་ལས། “ཞང་ཞུང་ག་ཁྱུང་སྤུངས་པ་ཞེས་བྱ་སྟེ། དེ་སྤྱིར་སྡེ་སྣོད་ཟུང་གསུམ་ཡ་དྲུག་ཐམས་ཅད་ཐུགས་ལས་རང་བརྡོལ་དུ་བྱུང་ནས་ཀུན་ལ་མཁས་པ། སྒོས་ནམ་མཁའི་མཐོངས་ནས་སྒྲ་དང་འོད་དུ་ཆས་པའི་གསེར་གྱི་ཐང་ཤོག་ཅིག་བབས་ཏེ། བལྟས་པས་སྤྱི་རྒྱུད་ཆེན་པོ་ཡེ་ཁྲི་མཐའ་སེལ་ཞེས་བྱ་བ་འདི་བྱོན། །” ཞེས་པར་བསམ་གཞིག་བྱ་ཚེ། སྤྱིར་བཏང་ནམ་མཁའི་མཐོང་ནས་པོ་ཏིའམ་ཤོག་ཁ་ཆེན་པོ་ཞིག་ཧོབ་ཏུ་བབས་པའི་དོན་མིན་པར་དེ་ནི་སྡེ་སྣོད་རྣམས་རང་བརྡོལ་དུ་མཁྱེན་པའི་སྤྲུལ་པའི་སྐུ་ཆེན་པོ་དེ་ཉིད་ལ་ཀུན་ཏུ་བཟང་པོའམ་གཞན་གྱིས་དགོངས་པ་བརྡ་རུ་བརྒྱུད་པ་ལྟ་བུ་ཞིག་ལ་གོ་དགོས་པ་འདྲ། དེའང་སྐབས་འདིར་ནམ་མཁའི་མཐོང་ཞེས་པའང་སྤྲིན་ལམ་གྱི་ནམ་མཁར་གོ་རྒྱུ་མིན་པར་ཀུན་གཞིའམ་སེམས་ཉིད་ཀྱི་ཀློང་དུ་གོ་བ་ལེན་རྒྱུ་ཡོད་པ་ཞིག་གཏན་གཏན་རེད་སྙམ། དེ་མིན་གང་བྱུང་དུ་ནམ་མཁའི་མཐོང་ནས་པོ་ཏི་དང་ཤོག་བུ་འབོལ་ཆེན་ཞིག་ལྷུང་མི་ཡོང་བ་ནི་ཤེས་པ་རང་བཞིན་དུ་གནས་པ་སུ་ཡིས་ཀྱང་ཤེས་ནུས་སོ། །
གང་ལྟར་ཡེ་ཁྲིའི་བོན་འཁོར་ནི་ཐོག་མར་ཞང་ཞུང་ག་ཁྱུང་སྤུངས་པར་དངོས་གྲུབ་ཏུ་བབས། དེས་རྒྱ་གར་གསས་འོད་གཡུང་དྲུང་ལ་བརྒྱུད། དེས་རྒྱ་གར་བདེ་བ་སྙིང་པོ་གསས་སོགས་ནས་རིམ་པར་རྟག་གཟིགས་དང་བྲུ་ཤ། ཞང་ཞུང་སོགས་སུ་བརྒྱུད་པ་བཅུ་དྲུག་ཙམ་ནས་དམུ་གཤེན་དྲན་པ་ནམ་མཁའ་ལ་བརྒྱུད་དེ་དར་བ་ཞིག་ཡིན་པར་གསལ་བས་རྒྱ་གར་གྱི་བོན་འཁོར་ཞེས་པ་དེ་ཚོ་མང་པོ་ཞིག་དང་པོ་ཞང་ཞུང་དང་བོད་ནས་ཕར་བརྒྱུད་ཡོད་པ་ནི་ཁུངས་འདི་དག་གིས་བྱ་ཐུབ་ཀྱིན་འདུག་སྙམ་པ་བཅས་དེ་དག་ནི་ཞོར་འཕྲོས་ཙམ་མོ།། །།
_____ཧི་མ་ལ་ཡའི་རྒྱལ་སྲས།