ཐེག་འགྲེལ་གྱི་གཏེར་སྟོན་སྐོར་དྲི་བ།
དཔལ་ཆེན་དང་ཡར་མེ་བས་ཐེག་རིམ་སྐོར་མཇལ་མེད་ས་རེད་དྲན། འོན་ཏེ་ཐེག་རིམ་སྐོར་གཏེར་ནས་ལོ་དུས་ངེས་གཏན་གང་ཙམ་དུ་ཐོན་པ་གསལ་པོ་མ་ཤེས་པས་ཁྱེད་ཀྱིས་གསལ་བཤད་ཐུབ་བམ།
བཀའ་འདྲི་གནང་མཁན། ཁྱུང་གསེར་ཞུན། བཀའ་ལན་གནང་མཁན། ཞང་ཚུལ་མི།
ཐེག་འགྲེལ་མེ་ལོང་དགུ་སྐོར་ཞེས་པའི་དཔེ་ཆ་འདི། དུས་རབས་བཅུ་པའི་ནང་དུ་གཏེར་ལ་བྱུང་བར་བསྙད་པར་དོགས་སློང་འབྱུང་བའི་གནད་དོན་ཁ་ཤས་ཡོད། ནེ་པཱ་ལའི་གནས་སྐོར་བ་ཨ་ཙ་མི་གསུམ་གྱིས་ཕྱི་ལོ་(༩༡༣)ལོར་བསམ་ཡས་ནས་བོན་དཔེ་འབོར་ཆེན་ཞིག་བརྐུས་ཏེ་སྤྱི་ཚོགས་སུ་དར་ཁྱབ་བྱུང་བ་དེ་གཏེར་གྱི་ཐོག་མ་རུ་འདོད་པ་ཡིན།དེའི་ཁྲོད་དུ་འགྲེལ་མེ་ལོང་དགུ་སྐོར་ཡོད་ཚུལ་དཔེ་ཆ་གང་ནས་མི་གསལ། ཡང་(༩༦༡)ལོར་ཨ་ཙ་ར་མི་གསུམ་གྱིས་གཏེར་ཞིག་བཏོན་པའི་ལོ་རྒྱུས་འདུག་རུང་། དེ་ནི་གཙང་བན་དྷེ་མི་སྟེ་སུམ་འབྲེང་རྐྱང་གསུམ་ཡིན་སྐོར་མི་གསལ་ལ་ཁོ་པར་ཨ་ཙ་ར་མི་གསུམ་འབོད་པ་ཡང་མ་མཐོང་། ཐེག་འགྲེལ་གཏེར་ལས་འདོན་བ་པོ་ནི་སུམ་འབྲེང་རྐྱང་གསུམ་ཡིན་སྐོར་ཡོངས་གྲགས་སུ་གྱུར་ཡོད། གནས་དོན་འདི་དག་གི་ཐད་ལ་ཕྱིས་བྱོན་བོན་གྱི་མཁས་པའི་གསུང་རྩོམ་ཁག་དང་ཞིབ་བསྡུར་བྱས་ན་གོ་བ་ཞིག་སྟེར་བ་འདི་ལྟར། དུས་རབས་བཅུ་གཅིག་པའི་མི་སྣ་མེ་སྟོན་ཤེས་རབ་འོད་ཟེར་(༡༠༥༨-༡༡༣༢)གྱི་དབུ་མ་བདེན་གཉིས་སུ་ཐེག་འགྲེལ་ལུང་འདྲེན་གཏན་ནས་མེད་པ་མ་ཟད། ཐེག་འགྲེལ་ནང་གི་བཤད་སྟངས་འགའ་ཞིག་གཞན་ལུགས་སུ་དགག་ཚུལ་དཔྱད་ན་མེ་སྟོན་ཆེན་མོས་ཐེགའགྲེལ་མཇལ་མེད་པའི་གནས་ཚུལ་མང་དུ་བྱུང་ཞིང་།ཐེག་འགྲེལ་ནང་དུ་དབུ་མའི་གྲུབ་མཐའ་རིགས་གསུམ་དབྱེ་བ་དང་དེ་དག་གི་བདེན་གཉིས་གཏན་ལ་འབེབས་ཚུལ་དང་། འདོད་ཚུལ་མི་འདྲ་མང་དུ་བྱུང་རུང་དེའི་གནས་ཚུལ་དབུ་མ་བདེན་གཉིས་ནང་དུ་ཟུར་ཙམ་མ་བྱུང་བས་ཐེག་འགྲེལ་ནི་དེའི་རྗེས་སུ་བྱུང་བའི་དཔེ་ཆ་ཞིག་ཡིན་པར་མ་བསྟན་ནམ། གལ་ཏེ་སྐབས་དེར་ཐེག་འགྲེལ་གཏེར་ལས་དྲངས་ཟིན་པ་ཡིན་ན་མེ་སྟོན་གྱིས་དཔེ་ཆ་དེ་དང་ལེན་མི་ཐུབ་པའི་གནད་དོན་གང་ཞིག་ཏུ་གྱུར་པ་ཡིན། དུས་སྐབས་དེར་བྱུང་བའི་གདན་ས་རྨེའུ་ཚང་གི་མཁས་པ་དཔལ་ཆེན་(༡༠༥༢-༡༡༠༦)གྱི་ཁམས་འགྲེལ་ནང་དུ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་གྲུབ་ལམ་རིམ་ཞིབ་རྒྱས་སུ་བྱུང་རུང་གོང་ལྟར་ཐེག་འགྲེལ་ལུང་འདྲེན་རྐང་གཅིག་མེད་པས་ཐེག་འགྲེལ་གཏེར་ལས་བཏོན་པ་དུས་རབས་བཅུ་པ་མིན་པ་ཧ་ལམ་གསལ་པོ་རེད། ལར་འགྲེལ་མེ་ལོང་དགུ་སྐོར་ནི་དུས་སྔ་མོའི་དཔེ་ཆ་ཞིག་ཡིན་ཏེ་ལི་ཤུ་སྟག་རིང་གི་གལ་མདོ་རུ་ལུང་འདྲེན་བྱས་ཡོད་ལ་ཐེག་འགྲེལ་ཞུ་བ་པོ་སྒམ་ལྷ་བོ་ལྷ་སྲས་སོགས་ཡ་ཐོག་གི་གནད་ཡོད་མི་སྣ་དང་འབྲེལ་ལམ་བྱུང་ནས་ཡོད་པ་ཡིན།ཕྱིས་བརྩམས་བོན་གྱི་དཔེ་ཆའི་ཁྲོད་ནས་ཐེག་འགྲེལ་ལུང་འདྲེན་གནང་སྔ་ཤོས་འ་ཞ་འགྲོ་མགོན་(༡༡༩༨-༡༢༦༣)གྱི་དཔེ་ཆ་ཁག་ཡིན་དེ་སྔོན་གྱི་མཁས་པས་ལུང་འདྲེན་བྱས་པ་མ་མཐོང་།
མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྟན་འབྱུང་དུ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་(༡༢༤༤-?)གྱིས་ཐེག་འགྲེལ་མེ་ལོང་དགུ་སྐོར་བཤད་སྲོལ་བཏོད་ཚུལ་གསུངས་ཡོད།གལ་ཏེ་དུས་རབས་བཅུ་པ་ནས་གཏེར་ལས་བཏོན་ན་འགྲོ་མགོན་དང་སྒ་སྟོན་གཉིས་ཀྱི་གོང་གི་མཁས་པ་སུས་ཀྱང་ལུང་འདྲེན་དང་འགྲེལ་རྩོམ་མེད་པའི་གནད་དོན་གང་ཡིན་ནམ།ཕྱི་དར་མཁས་པའི་ཁྲོད་ནས་མདོ་རྒྱུད་ལ་འགྲེལ་བ་བརྩམས་མཁན་སྔ་ཤོས་སྒ་སྟོན་ཡིན་སོང་ན་དེ་ཉིད་གཏེར་ལས་བཏོན་པའི་དུས་ཀྱང་དེ་བས་སྔ་མོ་ཡིན་བསྒྲུབ་མི་ཐུབ་སྙམ།
ཐེག་འགྲེལ་གཏེར་ལས་བཏོན་རྗེས་བླ་རྒྱུད་ཁག་གི་གནས་ཚུལ་མཉམ་མེད་ཤེས་རབ་རྒྱལ་མཚན་(༡༣༥༦-༡༤༡༥)གྱི་ཐེག་འགྲེལ་ཡག་ཤོས་བྱུང་ཡོད། རྗེ་ཡི་ཐེག་འགྲེལ་ནས་བན་དྷེ་མི་གསུམ་གྱིས་གཏེར་ལས་བཞེས་རྗེས་མདོ་སྟོད་ལུང་སྟོན་འོད་འབར་ཞེས་པར་བརྒྱུད་པ་དང་། དེ་ནས་བླ་མ་གྱེར་སྟོན་དང་། ལུང་སྟོན་ལྷ་གཉེན། ལུང་སྟོན་འཁོར་ལོ་རྒྱལ་པོ། ལུང་སྟོན་དབང་གྲུབ། འ་ཞ་བློ་གྲོས། ལུང་སྟོན་རྒྱལ་བ། བྲུ་སྟོན་འདུལ་བ། བྲུ་རྒྱལ་བ་བར་དུ་བླ་མ་མང་པོ་བསྟན་རུང་དེ་རྣམས་ཚང་མ་བླ་རབས་ཡིན་པའི་ངེས་པ་མི་པ་གཏེར་ལས་བཏོན་རྗེས་སུ་བོན་གྱི་བླ་མ་ཆེ་ཁག་དང་འབྲེལ་ལམ་བྱུང་སྐོར་གྱི་སྐད་ཆ་ཞིག་རེད་སྙམ།