ཐེག་པ་དགུ་དང་བཅུ་གཉིས་སོགས་ཀྱི་སྐོར་ལ་དྲི་བ།
རྩོམ་བྲིས་པ། ཧི་མ་ལ་ཡའི་རྒྱལ་སྲས་སོགས། དྲི་བ་གཏོང་མཁན། འཕྲུལ་གྱི་ཡིག་ཚང་།
དྲི་བ། ལྷ་ཡི་བོན་ཡན་ལག་བརྒྱད་པ་ལས། “ཐེག་པ་དགུ་དང་བཅུ་གཉིས་ལ་སོགས་པས།”ཞེས་པའི་ཐེག་པ་བཅུ་གཉིས་གང་ལ་ངོས་འཛིན་པའི་སྐོར་དང་། ཡང་དེ་ཉིད་ལས། “ངག་གི་དབྱངས་དྲུག་བསྟོད་དེ་ཕྱག་འཚལ་ལོ” ཞེས་པའི་དབྱངས་དྲུག་དེ་གང་དང་གང་ལ་ངོས་འཛིན་དགོས་པའི་སྐོར་བོན་གཞུང་གང་ཞིག་ལས་ཁ་གསལ་ཡོད་ན་གསུངས་རོགས།
ལན། ༡) ཏྲེ་སྟོན་རྒྱལ་མཚན་དཔལ་གྱི་(བཀའ་ལུང་སྤྱི་ཡི་འགྲེལ་བ་བོན་སྒོ་གསལ་བྱེད་) སོག་སྡེ་སྤྲུལ་སྐུའི་པར་མ། ཤོག་གྲངས་ ༡༨༧ ལས། “མདོ་ཁྲི་རྗེ་ལུང་བསྟན་ལས། ཐེག་པ་དགུ་དང་བཅུ་གཉིས་སུ་ཕྱེ་ནས་བསྟན་ཅེས་དང་། ཡན་ལག་བརྒྱད་པ་ལས། ཐེག་པ་དགུ་དང་བཅུ་གཉིས་ལས་སོགས། ཞེས་པས་བཅུ་གཉིས་ནི། རྣམ་དག་ལས། ལོ་བཅུ་གཉིས་ཐེག་པའམ་མཛད་པ་བཅུ་གཉིས་སུ་བཤད་པའོ། །དུག་འདུལ་ཡེ་ཤེས་འཁྱིལ་བའི་རྒྱུད་ལས། གྱེར་རོ་སད་ལྷང་ནི། ལྷ་འདྲེས་ཕན་གནོད་སྒོ་ནས་འཇུག གྱེར་ཏོ་སད་གྱེར་ནི། སྣང་མཛད་ཡས་གླུད་སྒོ། གྱེར་ཉི་དང་གྱེར་ཏེ་གཉིས། དགག་སྒྲུབ་སྤང་བླང་སྒོ། གྱེར་ཐུན་ནོ་ནི། ཕྲིན་ལས་རྣམ་བཞིའི་སྒོ་ནས་ཚོགས་སྦྱོར་མཐོང་སྒོམ་མཐར་ཕྱིན་སྦྱོར། གྱེར་རྩེ་ཉི་ནི། རིགས་གསུམ་ལྷའི་དཀྱིལ་འཁོར་འཇུག གྱེར་རྩེ་ཏི་ག་ནི་རིགས་ལྔའི་ལྷའི་དཀྱིལ་འཁོར། གྱེར་རྩེ་བྲུ་ནོ་ནི་རིགས་བཞི་ལྷའི་དཀྱིལ་འཁོར། གྱེར་སྤུངས་ནི། ཐབས་ཤེས་བསྐྱེད་རྫོགས། གྱེར་སྤུངས་རི་ཤེ་ནི། དབྱིངས་ཤེས་འབྲལ་མེད་སྒོ། ཐེག་བདེར་མན་ཆད་འོག་མ་སྟེ་སྤངས་ཐོབ་དང་བཅས་པས། རིགས་སྔགས་གསང་སྔགས་བླ་མའི་སའོ།། གྱེར་བླ་མེད་སྤུངས་བྲུ་ནི། ཁྱད་པར་རྣ་རུ་དཀར་པོ་ཡིན། སྦྱང་བགྲོད་མེད་པ་ལས་ལམ་གྱི་མཆོག ཅེས་པས། ཕྱི་དྲུག་ནང་དྲུག་མངོན་ནོ།། དེ་ནི་རྟེན་འབྲེལ་བཅུ་གཉིས་ཀྱི་གཉན་པོ་གསུངས་པའོ།།” ཞེས་གསུངས་འདུག་ལ། གལ་ཏེ་གོང་གི་ཞང་སྐད་ནང་དུ་གྲངས་བཅུ་གཉིས་ཏག་ཏག་མེད་ཚེ་དཔེ་ཁུངས་དངོས་འཚོལ་དགོས་པར་ངེས།
ལན། ༢) ངག་གི་དབྱངས་དྲུག་ཅེས་པ་ཇི་ལྟར་བརྩི་དགོས་བོན་གཞུང་ཁག་ནས་ད་བར་མ་མཇལ། འོན་ཀྱང་གསུང་དབྱངས་ཡན་ལག་དྲུག་ཅུ་ཞེས། མཉེན་པ། འཇམ་པ། ཡིད་དུ་འོངས་བ་སོགས་དུ་མ་ཞིག་ཡོད། དེ་མིན་བོད་སྐད་ཀྱི་ཚིག་སྦྱོར་ལས་ཆེས་སྙན་པའི་དོན་དུ་པི་ཝང་དང་སྒྲ་སྙན་གྱི་རྒྱུད་དྲུག་ལ་སྦྱར་ཏེ་དྲུག་འགྱུར་དབྱངས་སུ་ལེན་པ་སོགས་འགའ་ཞིག་ཡོད་རྒྱུ་རེད་སྙམ།
_____ཧི་མ་ལ་ཡའི་རྒྱལ་སྲས་ནས།
ལན། སྨན་རིའི་དགེ་བཤེས་བློ་གྲོས་རབ་གསལ་ལགས་ཀྱིས་རྩོམ་བཏུས་གནང་བའི་ (བོན་གྲངས་རིག་མཛོད་) ལས་བོན་གྱི་ཤེས་རིག་ཚིག་མཛོད་ ༡༤༤ ལས་བཏུས་ཞེས་གསལ་བའི་ངག་གི་དབྱངས་དྲུག་ནི། འདེགས་པ། འཇོག་པ། འགྱུར་བ། ཁུག་པ། ཕྲ་བ། སྦོམ་པ་དང་དྲུག ཅེས་གསལ་ལོ། །
_____འཕྲུལ་གྱི་ཡིག་ཚང་ནས།