ཐེག་ཆེན་ཚོགས་ལམ་དང་སེམས་བསྐྱེད་ཀྱི་ལུས་རྟེན་སྐོར་དྲི་བ་གཉིས།
རྩོམ་བྲིས་པ། དགེ་ཧོར་རུ་དང་ཁྱུང་ཀུན་ཁྱབ། དྲི་བ་གཏོང་མཁན། དགེ་འོལ་མོ་གླིང་།
དྲི་བ་དང་པོ། མཁས་དབང་བཤེས་གཉེན་རྣམ་པར་བཀའ་འདྲི་ཞུ་རྒྱུ་ཞིག་ལ། ཕར་ཕྱིན་སྐབས་གཉིས་པ་ལས། ཐེག་ཆེན་སེམས་བསྐྱེད་དང་ཐེག་ཆེན་ཚོགས་ལམ་སྐྱེ་བའི་ལུས་རྟེན་འཆད་པའི་ཁ་ཐུག་ལ། མི་ལུས་དལ་འབྱོར་ལྡན་པ་དང་། ལྷ་ལུས་གཡེང་བ་མེད་པའོ།། ཞེས་པའི་ལྷ་ལུས་གཡེང་བ་མེད་པ་དེ་འདོད་ལྷ་ལྟ་བུར་གོ་སམ་ཡང་ན་ཁམས་གསུམ་ཀའི་ལྷ་སོགས་གང་ལ་གོ་དགོས་མིན་སྐོར་བཀའ་སློབ་གནང་བར་མཁྱེན།
དྲི་བ་གཉིས་པ། ཐེག་ཆེན་ཚོགས་ལམ་དེ་ཁམས་གསུལ་ལ་བརྟེན་ནས་སྐྱེ་གསུང་པ་དང་། ཐེག་དམན་ཚོགས་ལམ་ནི་འདོད་གཟུགས་གཉིས་ཀྱི་རྟེན་ལ་སྐྱེ་གསུང་པས། ཐེག་དམན་ཚོགས་ལམ་གཟུགས་མེད་ལ་གཏན་མི་སྐྱེ་བའམ་ཡང་ན་དེ་ལས་གཞན་གང་ཡིན། གལ་སྲིད་མི་སྐྱེ་ན་ཐེག་ཆེན་ཚོགས་ལམ་སྐྱེ་བའི་རྒྱུ་མཚན་དང་ཐེག་དམན་ཚོགས་ལམ་མི་སྐྱེ་བའི་རྒྱུ་མཚན་གསུང་རོགས། ལུང་ལས་དེ་ལྟར་གསུངས་པའི་ཕྱིར་ཟེར་ན་དེ་ལ་རིག་པའི་རྒྱབ་རྟེན་དགོས་པས་སོ།།
ལན། གྲོགས་མཆེད་ལགས་དུས་ཚོད་དང་བསྟུན་ནས་ལན་ཞིག་ཕུལ་བར་དགོངས་དཔྱད་གནང་རོགས། སྐབས་གཉིས་པའི་ཚོགས་ལམ་གྱི་ལུས་རྟེན་སྐབས། ཐེག་ཆེན་ཚོགས་ལམ་གྱི་ལུས་རྟེན་གྱི་ལྷ་ལུས་འདོད་ཁམས་ཀྱི་ལུས་ཡིན་པར་གསལ་འདུག་ལ། ཐེག་དམན་ཚོགས་ལམ་འདོད་ཁམས་ལས་ཁམས་གཞན་ལ་གསར་སྐྱེ་མེད་དེ། ལམ་རྟེན་སོ་ཐར་རིགས་བརྒྱད་གང་རུང་དང་ལྡན་པ་དགོས་པའི་ཕྱིར་ཏེ། ཐེག་པ་རང་གི་སྲུང་བའི་དམ་ཚིག་དང་ལྡན་དགོས་པར་བསམ། དམན་ལམ་རང་སྟོབས་ལས་གཞན་སྟོབས་ཀྱིས་སྐྱེ་མི་སྲིད་གསུངས་པ་ཡིན་ནམ་སྙམ།
________དགེ་བཤེས་ཧོར་རུ་ནས།
ལན། དྲི་བ་དང་པོའི་ལན། སྟོན་པ་མཆོག མདོ་སླད་བྱོན་ལས། བསམ་གཏན་རིགས་བཞིའི་གནས་སུ་རྫུ་འཕྲུལ་གྱི་འོད་ཟེར་དང་བྱོན་ཏེ་དེ་ནས་དགའ་ལྡན་གྱི་གནས་སུ་གཡེན་ཁམས་ཀྱི་སྐུ་འཁོར་དང་བྱོན།
དེ་ནས་སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷ་མཐུ་རྩལ་ཅན་རྣམས་དམ་ལ་བཏགས་བསྟན་པ་སྲུང་བར་ལུང་ཕོག ཅེས་གསུངས་སོ།། དེ་ཡང་རི་རབ་ཀྱི་རྩེ་མོ་ལ་འཁོར་རྣམ་པ་གསུམ་དང་ཆས་ནས་བྱོན་པའོ།། གལ་ཏེ་ཁམས་རྣམ་པ་གསུམ་ལས་སྤྲུལ་སྐུ་དེ་གཟུགས་མེད་ནས་མ་བྱོན་ཅི་ཞེ་ན། གཟུགས་མེད་བཞི་ནི་རང་ཉིད་ཞི་བ་དང་བདེ་བའི་སྙོམས་འཇུག་ལ་བསྟེན་པ་ཡིན་གྱི། གཞན་དོན་བྱ་བར་མི་ནུས་པས་མ་བྱོན་པའོ། །འདོད་པའི་ལྷ་དྲུག་ལས་གནས་རིགས་གཉིས་སུ་བྱོན་པ་ནི་དགའ་ལྡན་ནི་ལྷག་པར་ཤེས་རབ་ཆེ་བའི་གནས་ཡིན་པ་དང་སྤྲུལ་པའི་སྐུ་སྐྱེ་བ་བཞེས་པའི་ས་ཡིན་པས་ཀྱང་བྱོན་པ་ཡིན་ལ། སུམ་ཅུ་རྩ་གསུམ་ནི་འཛམ་བུ་གླིང་དུ་བྱོན་པའི་ལམ་ཡིན་པ་དང་། བཀའ་གསུངས་པའི་གནས་ཡིན་པས་བྱོན་པའོ། །རི་རབ་ཀྱི་རྩེ་མོ་ལ་ཚངས་པ་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པས་བསྐོར་བ་བྱས་ནས། ལྷག་ཕྱག་འཚལ་མེ་ཏོག་ཕུལ་ནས་རི་རབ་ཀྱི་རྩེ་མོ་ལ་བཞུགས་པར་ཞུས་པས་སྟོན་པས་བཀའ་བསྩལ་བ། བདག་ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་གྱི་བཀའ་བཅག་ཏུ་མི་རུང་བས། མིའི་ཡུལ་དུ་བཞེས་ནས་བསྟན་སྤེལ་བས་བདག་སྐྱེས་པའི་དུས་སུ་ཁྱེད་རྣམས་ཀྱང་ནམ་མཁའ་ལས་ཆར་བཞིན་དུ་བོབས་ལ་བསྟན་པ་ལ་ཉན་དུ་ཤོག་ཅིག གསུངས་ནས་འཛམ་བུ་གླིང་དུ་གཤེགས་པ་ཁམས་འགྲེལ་སྟོད་ཆ་ནང་དུ་འཁོད་ཡོད།
ཀུན་མཁྱེན་གྱིས་ལྷ་ལུས་གཡེང་བ་མེད་པ་འདོད་ལྷ་ལ་ངོས་འཛིན་བྱས་ན་ཆོག་སྟེ་འདོད་ལྷ་དྲུག་པོ་རང་སྟོབས་སྐྱེས་སའི་རིགས་ཁྱད་པར་ཅན་གསུངས་ཡོད། རྗེའི་ས་ལམ་ལས། སྔར་མ་སྐྱེ་བ་སྐྱེ་བའི་རྟེན་ཕལ་ཆེར་ནི། ལྷ་དང་མིའི་རྟེན་དག་ལས་སྐྱེ་བར་འགྱུར་བ་ཡིན་ཏེ། དེ་ཡང་མི་ལུས་དལ་འབྱོར་ལྡན་པ་དང་། ལྷ་ལུས་མི་ཁོམ་པས་གཡེང་བ་མེད་པའོ། །ཞེས་གསུངས། སྒ་སྟོན་ལམ་འགྲེལ་ལས། ཁམས་གསུམ་གྱི་ལྷ་ལ་མི་སྐྱེ་བ་གསུངས་ཡོད་ཀྱང་དེ་ཡང་གཙོ་ཆེར་དབང་དུ་གསུངས་པ་ལྟར་ན། གོང་གི་དགའ་ལྡན་དང་སུམ་ཅུ་རྩ་གསུམ་ལ་གནས་པའི་ཤེས་རབ་ཅན་གྱི་ལྷ་མང་པོ་ལ་སྟོན་པས་བོན་གསུངས་ནས་བསྐོར་བ་དང་ལྷ་ཕྱག་འཚལ་དད་འདུན་འཆང་ནས་མེ་ཏོག་ལ་སོགས་མཆོད་པ་ཕུལ་བའི་ལྷ་དེ་དག་གཡེང་བ་མེད་པའི་མཚན་གཞི་ངོ་མ་དེ་དག་ངོས་འཛིན་བྱེད་ཀྱི་ཡོད།
དྲི་བ་གཉིས་པའི་ལན། ཐེག་དམན་ཚོགས་ལམ་གཟུགས་མེད་ལ་གཏན་ནས་མི་སྐྱེ་བའི་ཚིག་ཐག་གཅོད་དཀའ་ཡང་། འོན་ཀྱང་ཐེག་དམན་གྱི་སེམས་སོགས་རགས་པ་ཡིན་པ་དང་གསལ་ཆ་ཤས་ཆེ་བའི་ཐོག་ནས་ལམ་གྱི་ཉམས་ལེན་ཤུགས་ཆེར་དགོས་པ་མ་ཟད་ལྷག་ཏུ་ཐེག་དམན་ཚོགས་ལམ་གྱི་སྐབས་ཆེད་དུ་དམིགས་ནས་བསྒོམ་བྱ་རེ་ཐོད་གཏུག་ནས་སྤང་གཉེན་རྣམ་པར་འབྱེད་པའི་སྐབས་ཤིག་ཡིན་པ་དང་གོམ་འདྲིས་ཆེར་མ་ཕྱིན་པས་མི་སྐྱེ་བའི་དོན་ཡིན་ནམ་སྙམ། ཐེག་པ་ཆེན་པོའི་ཚོགས་ལམ་དེ་ལས་ཕྲ་བ་དང་གནས་ཆའམ་བརྟན་པོ་ཡོད་པའི་ཆ་ནས་སྐྱེ་བ་བསྟན། སྒ་སྟོན་ལམ་འགྲེལ་ལས། ལྷག་མཐོང་སྤྱོད་པ་ནི་བསམ་གཏན་གྱི་སེམས་ལ་བརྟེན། ཞི་གནས་སྤྱོད་པ་ནི་གཟུགས་མེད་ཀྱི་སེམས་ལ་བརྟེན། ཞེས་གསུངས་ཡོད། ཐེག་ཆེན་མཐོང་ལམ་གསལ་ཆའམ་ལྷག་མཐོང་ཤས་ཆེ་བས་གཟུགས་མེད་ལ་མི་སྐྱེ་བ་དང་། བསྒོམ་ལམ་ཞི་གནས་སམ་གནས་ཆ་ཤས་ཆེ་བའི་རྒྱུ་མཚན་གྱིས་གཟུགས་མེད་ལ་སྐྱེ་བ་བརྟེན་པའི་རྒྱུན་མཚན་གོང་ལྟར་རོ། །གཞན་སྡེ་གཟུགས་མེད་ལ་སྐྱེ་བ་མི་བཤད་ཚུལ་དང་རང་ལུགས་སྐྱེ་བའི་དོན་རིགས་ལམ་ཕྲ་མོ་ཞིག་གི་དག་ཐེར་དགོས་པ་མཐོང་ཡང་ཤེས་བརྩོན་གྱིས་སྟོབས་ཞན་པས་ད་བར་ལུས། ཤེས་བྱ་རིག་པའི་གཞུང་ལ་མཐོང་ཐོས་མྱོང་གསུམ་ཆེ་བའི་དགེ་བའི་བཤེས་གཉེན་དང་མཁས་དབང་མི་ཉུང་བའི་སྤྱན་སྔར་རྩོད་གླེང་ཚུལ་དུ་ཕུལ་བ་ཡིན་པས་དེ་ལུགས་དགོངས་ཚུལ་གསུང་ན་རྭ་བ་འདིའི་ཁ་བྱང་དང་མཐུན་པའི་བགྲོ་གླེང་ཡོང་བ་གོར་མ་ཆགས། ནོར་མཆིས་འགལ་འཁྲུལ་སོང་བའི་རིགས་རྣམས་ཡོ་བསྲང་གནང་བ་ཞུ་ཞུ།
_______ཁྱུང་ཀུན་ཁྱབ་ནས།
༡) ལན། ཕར་ཕྱིན་སྐབས་གཉིས་པ་ལས། ༡ ཐེག་ཆེན་སེམས་བསྐྱེད་དང་ཐེག་ཆེན་ཚོགས་ལམ་སྐྱེ་སའི་ལུས་རྟེན་འཆད་པའི་ཁ་ཐུག་ལ། མི་ལུས་དལ་འབྱོར་ལྡན་པ་དང་། ལྷ་ལུས་གཡེང་བ་མེད་པའོ།། ཞེས་པའི་ལྷ་ལུས་གཡེང་བ་མེད་པ་དེ་འདོད་ལྷ་ལྟ་བུར་གོ་དགོས་པ་ཡིན་སྐབས་གཉིས་པ་དེ་ལྟར་གསུང་། གཟུགས་ཁམས་དང་གཟུགས་མེད་དེ་ཚོའི་རྟེན་ལ་གཞན་སྟོབས་མ་གཏོགས་རང་སྟོབས་ཀྱིས་ལམ་སྐྱེ་མི་ཐུབ། རྒྱུ་མཚན་ནི་ཞི་གནས་བདེ་བའི་སྦྱོར་བ་རགས་པས་གཞན་གྱི་སྡུག་བསྔལ་མཐོང་བ་མེད་པས་གཡེང་བའི་དབང་དུ་འགྲོ་བའི་ཕྱིར་ན་ཡིན།
༢) ལན། ཐེག་ཆེན་ཚོགས་ལམ་དེ་ཁམས་གསུམ་ལ་བརྟེན་ནས་སྐྱེ་གསུང་པ་དང་། ཐེག་དམན་ཚོགས་ལམ་ནི་འདོད་གཟུགས་གཉིས་ཀྱི་རྟེན་ལ་སྐྱེ་གསུང་པས། ཐེག་དམན་ཚོགས་ལམ་དེ་གཟུགས་མེད་ཀྱི་རྟེན་ལ་མི་སྐྱེ་བའི་རྒྱུ་མཚན་ནི་ཐེག་དམན་ཚོགས་ལམ་ནི་གཙོ་བོ་གང་ཟག་བདག་མེད་དེ་རང་ལུས་སྟེང་ལ་གཏན་འབེབ་དགོས་པས་དེ་ན་གཏན་ས་རང་ལུས་མེད་པའི་ཕྱིར་རོ།། ཐེག་ཆེན་ཚོགས་ལམ་སྐྱེ་བའི་རྒྱུ་མཚན་ནི་ཐེག་ཆེན་ཚོགས་ལམ་ནི་གཙོ་བོ་རང་ལུས་ལ་དམིགས་ནས་སྒོམ་མི་དགོས་པར་གཙོ་བོ་མཐའ་དག་སྤྱི་འབྱིན་གྱི་གཉེན་པོ་མི་དམིགས་པར་སྒོམ་སྟོབས་ཀྱིས་ཚོགས་ལམ་སྐྱེ་བ་ཡིན་ནམ་སྙམ་ད་དུང་མཁས་དབང་ཚོས་བཀའ་ལན་རེ་གནང་ཐུབ་ན་ཧ་ཅང་ཡག་འདུག
_______གསང་མིག་པས།