ཐང་བའི་སྣོལ་ཚང་སྔོན་པོ་ཞེས་པ་དེ་གང་འདྲ་ཡོད་དམ།
རྩོམ་བྲིས་པ། ཚེ་དབང་། gyaltsen སོགས། དྲི་བ་གཏོང་མཁན། གཙང་གཤེན།
དྲི་བ། མཁན་པོའི་རྟགས་བཞི་ནང་ནས། ཐང་བའི་སྣོལ་ཚང་སྔོན་པོ་ཞེས་པ་དེ་གང་འདྲ་ཡོད་དམ།
ལན། ཐང་བ་ནི་དེང་སང་ཡོངས་གྲགས་སུ་གཟན་ཞེས་པ་དེ་ལ་གོ་རྒྱུ་རེད། དེ་ལ་ཡང་མཚན་གྱིས་རྣམ་གྲངས་ནི་འདི་ལྟར་ཏེ། རྨད་འོག་དང་། བླ་གོས་ཐང་བ། གཟན་སོགས་དུ་མ་ཡོད་པར་མཐོང་། དེའི་བབས་ཀྱི་ཚད་དང་ཀ་བ་དང་། ཚལ་བུའི་ཚད། དེ་བཞིན་ལྕགས་རིའི་ཚད་སོགས་ནི་རྨད་གོས་དང་གཅིག་མཚུངས་སུ་གསུངས་འདུག་ལ། དེ་བཞིན་སྣོལ་ཚང་སྔོན་པོ་ཞེས་པ་དེ་གླིང་རྣམ་དང་ཀ་བ་སྣོལ་མཚམས་སུ་སྐུད་པ་སྔོན་པོས་དྲུབ་དགོས་པ་ཨེ་ཡིན་སྙམ་པས་མཁས་པའི་དབང་པོ་རྣམས་ཀྱིས་སྒྲོ་འདོགས་གཅོད་རོགས་ཞུ།
_____ཚེ་དབང་། gyaltsen
ལན། རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ལས། “མཁན་པོའི་རྟགས་བཞི་ནི་ཤམ་ཐབས་ཀྱི་ཀ་བ་སྔོན་པོ། ཐང་བའི་སྣིལ་ཚང་སྔོན་པོ། པད་ཞུའི་དབུ་རྩེ་སྔོན་པོ། འདིང་བའི་གཡུ་མདངས་སྔོན་པོ་དང་བཞི་དགོས། དེ་དག་སོགས་མ་གྲུབ་ཀྱང་། སྐུད་པ་སྔོན་པོས་ལྷན་ཚུགས་སུ་བཙེམ་དགོས་གསུངས་སོ། །” ཞེས་གསུངས་པའི་ཡོང་ཁུངས་ནི། འདུལ་བ་གསང་ལུང་ལས། “ཐང་བ་ལུས་ཀྱི་པགས་བཞིན་གོན། མི་གཙང་འདོར་ཚེ་སྤང་བ་ཡིན།” ཞེས་པ་སོགས་ཡིན་པར་སྣང་། དེའི་ཐད་རྗེ་རིན་པོ་ཆེས་(བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ་)ལས། “འོག་གོས་ཐང་བ་ཞེས་བྱ་བ་ནི། བར་ཏི་ཀ་ནས་གསུངས་ཏེ། རྨད་གོས་དང་རྨད་འོག་གཉིས་བསྡུས་པའི་མིང་གི་རྣམས་གྲངས་ཡིན་གསུངས་པས། དེ་གཉིས་ནི་ཉིན་མོའི་དུས་སུ་བགོ་བར་བྱའོ། །ལ་ལས་སྨད་ཤམ་གྱི་རྣམ་གྲངས་སུའང་བཤད་དོ། བར་ཏི་ཀ་ནས་འོག་གོས་ཐང་པ་ཞེས་གསུངས་ཏེ། ནང་གོས་ལ་འོག་གོས་དང་། ཐང་བ་ནི་རྨད་འོག་གི་ཆ་ལས་འདྲ་བ་རྒྱུ་མཚན་ཏུ་བྱས་པས་གདགས་པ་ཡིན་ཞེས་སྔ་རབས་པ་ལ་ལས་གསུངས་སོ། །” ཞེས་དང་། གོང་གི་ལས་ལས་སྨད་ཤམ་དུ་བཤད་ཅེས་པའི་དོན་ཡང་། ཀུན་བཏུས་ལས། “འོག་གོས་ཐང་བ་བགོ་བ་ནི། །གཡས་ཀྱི་ཚོམ་འགོར་ཆབ་མ་གདགས། །གཡོན་གྱི་ཚོམ་འགོར་ག་ཟུང་གདགས། །དྲང་སྲོང་རྒྱལ་བའི་མཛད་སྤྱོད་ཡིན།” ཞེས་གསུངས་པ་སོགས་ལ་གོ་དགོས་པ་འདྲ། གང་ལྟར་ཐང་བ་ནི་ཡོངས་གྲགས་ཀྱི་དབང་དུ་བྱས་ན་ད་ལྟའི་སེར་མོ་བའི་སྟོད་ཀྱི་ན་བཟའ་གཟན་ཞེས་པ་དེར་གོ་རྒྱུ་ཡིན་ན། སྣོལ་(སྣིལ་ལམ་སྣོལ། འབྲི་སྟངས་མི་འདྲ་བ་གཉིས་སུ་བྱུང་།)ཚང་ཞེས་པ་ནི་ཁམས་ཁུལ་དུ་གོས་སོགས་འཚེམས་སྐབས་སྲུབ་རྒྱན་ཞེས་སྡེ་ཚན་གཉིས་མཐུད་པའམ་སྣོལ་བའི་བར་དུ་རས་གཞི་གཞན་ཞིག་འཇོག་སྲོལ་ཡོད་པ་ལྟ་བུ་ཞིག་འདུལ་གོས་ལའང་ཡོད་པ་མིན་ནམ་སྙམ་སྟེ་དཔྱད།
_____དགེ་ཧི་མ་ལ་ཡའི་རྒྱལ་སྲས།