ཉོན་མོངས་ལྔ་འགག་རིམ་དེ་ཕྲ་རགས་ཀྱི་དབང་དུ་བྱས་པ་ཡིན་ནམ་ཡང་ན་གང་།
རྩོམ་བྲིས་པ། དགེ་རྩེ་འབུམ། དྲི་བ་གཏོང་མཁན། ཁྱུང་ཐོག་རྒོད།
དྲི་བ། མ་རྒྱུད་ལམ་མངོན་སངས་རྒྱས་པའི་རྒྱུད་ལས། “ཉོན་མོངས་ལྔ་འགག་སྐད་ཅིག་ལྔ་ཡིན་ཏེ། “ཞེས་པའི་ཉོན་མོངས་ལྔ་འགག་རིམ་དེ་ཕྲ་རགས་ཀྱི་དབང་དུ་བྱས་པ་རེད་དམ་ཡང་ན་རྒྱུ་མཚན་གཞན་ཞིག་ཡོད་རེད་ཁྱེད་རྣམ་པས་གཅིག་གསུང་རོགས་གནོངས།
ལན། སྤྱིར་བཏང་མི་ལུས་འདི་ཁམས་དྲུག་ལྡན་ནམ། ཤ་ཁྲག་རུས་གསུམ་གྱི་ཕུང་པོ་ཅན་ཡིན་ལ། འདི་མཆེད་ཁུངས་དངོས་ནི་སྟང་དབྱལ་གྱི་དཀར་ཆ་དང་དམར་ཆ་གཉིས་ཡིན་པར་འདུག གསོན་ཚེ་རྒྱུངས་པ་དང་ཀླད་པ། གསང་གནས་སོགས་ལ་བརྟེན་ནས་མི་ལུས་ཀྱི་ཚེ་ལུས་དཔལ་གྱི་སྐྱེ་འཕེལ་བྱེད་ལ། རང་གནས་སུ་རླུང་གིས་འདེགས་པ་དང་། མནན་ནས་བསྡད་ཡོད་པར་གདའ། སྐབས་འགར་དམིགས་པ་དང་འཁྲུལ་འཁོར་གྱིས་མར་རྒྱུ་བ་དང་། ཡར་རྒྱུག་པ། ལྷན་དུ་འདྲེས་ནས་མི་ལུས་གསར་པའི་ས་བོན་ཡང་བྱེད།
ནམ་ཞིག་རྒས་འཁོགས་སྐབས་ཤི་བའི་དུས་རིམ་ནང་རང་གནས་སུ་འདེགས་པ་དང་གནོན་པའི་རླུང་གི་བྱེད་པ་ཉམས་ནས་དམིགས་པ་དང་འཁྲུལ་འཁོར་གྱི་རྐྱེན་མི་དགོས་པར་རང་བཞིན་གྱིས་འཐོར་ལུད་བྱེད་ཀྱིན་ཡོད་པ་འདྲ། དེའི་ཚེ་དབང་ལྔ་འགག་ཚར་ནས་མེད་ནའང་རྣམ་ཤེས་ལུས་ལ་ཡོད་པས་ནང་གི་ཤེས་ཉམས་ལ། དཀར་ཉམས། དམར་ཉམས། ནག་ཉམས་ཀྱི་སྣང་བ་ཤར་ལ། ཤར་རྐྱེན་ནི་རྩ་ལམ་དུ་དཀར་དམར་གྱི་ས་བོན་འགྲེམ་པའི་རྐྱེན་གྱི་ཡིན། གང་ལྟར་རང་གནས་སུ་རླུང་དང་ལྷན་དུ་བྱ་བ་བྱེད་པའི་ནུས་པ་ཡོངས་སུ་ཤོར་བ་དང་། སྐབས་འདིར་སེམས་དེ་སྔར་དང་མ་འདྲ་བ་ཞིག་གི་གནས་སྟངས་སུ་ལྷུང་ཡོད་པར་ངེས་ཏེ། རླུང་རགས་པའི་དབང་སྒྱུར་གྱི་འོག་ནས་ཁ་བྲལ་བས་འཇམ་ཏིང་ངེར་འདྲ་ཞིག་ཨེ་ཡོད་སྙམ། དེ་འདྲ་ཡིན་དུས་དུག་གསུམ་གྱི་རྟོག་པ་དེ་འདིར་འགག་པར་གསུང་པ་དེ་ཤིན་ཏུ་གནད་ལ་འབྱོར་པོ་འདྲ་མེད་དམ་སྙམ་སྟེ། ཞེ་སྡང་འཁྲས་སའི་དཀར་ཆའི་ནུས་པ་ཡོངས་སུ་ཟད་བཞིན་པའི་སྐབས་འདིར་ཞེ་སྡང་གི་རྟོག་པ་སོ་གསུམ་པོ་འགག་བཞིན་པ་དང་། འདོད་ཆགས་ཀྱི་རྟེན་གནས་དམར་ཆ་གོ་མེད་དུ་འགྱུར་བཞིན་པའི་དུས་ཆགས་པའི་རྟོག་པ་བཞི་བཅུ་པོ་འགག་ལ། འདི་གཉིས་ལྷན་དུ་སྙིང་དཀྱིལ་དུ་འདུས་སྐབས་རྨོངས་པའི་རྟོག་པ་བདུན་སོགས་འགག་གོ སྤྱིར་དཀར་དམར་གཉིས་འདུས་པའི་ཕྲ་ཕུང་གི་བཅུད་ལས་ཤ་ཡི་ངོ་བོ་འགྲུབ་ལ་འདི་ཉིད་གཏི་མུག་གི་རྟེན་དངོས་ཡིན་པར་གདའ། དེའི་རྟགས་སུ་ཤིན་ཏུ་ཚོན་པའི་འགྲོ་བ་སྤྱི་ལ་རྨོངས་ཚབ་ཆེ་བར་ཡོད་ལ་རང་བཞིན་གྱི་གཏི་མུག་པ་ཉོབ་སྣང་ཅན་ཡིན་པ་ཅུང་ཙམ་གསལ་པོ་ཡིན། དེ་ལྟར་ན་རུས་ཆེ་བ་ལ་ཞེ་སྡང་ཆེ་བ་དང་། ཁྲག་མང་བ་ལ་སྲེད་པ་ཨེ་ཆེ་ཟེར་ན། ཕལ་ཆེར་ཁྱད་པར་ཡོད་རྒྱུ་རེད་དེ་དཔེ་མཚོན་གསལ་པོ་མ་མཐོང་ངོ་། །གང་ལྟར་དུག་གསུམ་གྱི་རྟེན་ལ་ཤ་ཁྲག་རུས་གསུམ་ཡིན་པར་ངེས་ལ་འདི་ཉིད་ཡར་བསྐྱེད་སྐབས་དུག་གསུམ་ཀ ཕར་འཕྲོ་བ་དང་ཚུར་སྡུད་པའི་གཞི་རྟེན་པའི་གནས་ཡིན་ནོ། །མར་འགྲིབ་ཀྱི་སྐབས་སུའང་རྟེན་གཞིའི་གནས་ཉམས་ན་དེ་ལ་བརྟེན་པ་ཉམས་པ་འདི་ནི་རང་བཞིན་གྱི་ལྟོས་གྲུབ་ཅིག་ཡིན་པར་དྲན་ཡོད་ལགས། སྐད་ཅིག་ལྔ་ཡིན་ཏེ་གསུངས་པའི་སྐད་ཅིག་ནི་དུས་ཡུན་ཐུང་ངུ་བའི་མིང་ཙམ་ལས་དམིག་བསལ་ཚད་ཡུན་བྱས་པ་ནི་མ་མཐོང་། དེ་ལྟར་བསམ་བཞིན་ཡོད་དོ། །