ཉ་སྟོང་སོགས་ཀྱི་སྐོར་ལ་དྲི་བ།
རྩོམ་བྲིས་པ། དགེ་བཤེས་བསམ་གཏན་གཙུག་ཕུད། དྲི་བ་གཏོང་མཁན། གཤེན་བསྟན་གླེང་སའི་དད་ལྡན།
དྲི་བ། ཉ་གསུམ་སྟོང་དང་ཚེས་བརྒྱད། ཉི་ཤུ་གཉིས་བཅས་དུས་བརྒྱད་པོར་དམིགས་བསལ་དགེ་བ་སྒྲུབ་པའི་དུས་ཚིགས་སུ་ངོས་འཛིན་གནང་འདུག་པ་འདིར་རྒྱུ་མཚན་གང་ཡོད་དམ།
ལན། དེ་ཡང་ཁྲི་རྗེ་ལུང་བསྟན་གྱི་མདོ་ལས་གསལ་པོ་ཡོད། དེ་ཡང་མདོ་དེ་ཉིད་ལས། “དེ་ལ་འདི་ནི་དུས་ཁྲིམས་གཙང་མར་སྲུང་བའི་གཞུང་ངོ་། །དུས་ཚིགས་གཙང་བར་བསྲུང་བ་ལ་ཡང་། ཞེས་དང་། ཉ་གསུམ་སྟོང་གསུམ་དང་། ཚེས་བརྒྱད་དང་། ཉི་ཤུ་གཉིས་དང་། དེ་ལྟར་བུ་ཡི་དུས་བརྒྱད་དུ་བསྲུང་བ་ནི། ཤིན་ཏུ་བསོད་ནམས་ཆེ་བ་ཡིན་ཏེ།” ཞེས་པའི་ཉ་གསུམ་ནི་ཚེས་བཅུ་བཞི་བཅོ་ལྔ་བཅུ་དྲུག་གསུམ་ལ་ངོས་འཛིན་དགོས་པ་བཀའ་དང་བསྟན་བཅོས་ཁ་ཤས་ནང་དགོངས་དོན་གཅིག་ཏུ་མཐུན་པ་བྱུང་ཡོད། དེ་ཡང་མཁན་ཆེན་བསོད་ནམས་བློ་གྲོས་ཀྱིས་མཛད་པའི་རྒྱལ་པོའི་སྐུལ་པ་ལས། “ལོ་གསུམ་ཉ་གསུམ་དབུ་མ་ཤར་བའི་ཚེ། །བཅོ་ལྔ་ནམ་གྱི་ཕར་མ་ཚུར་ཕྱེད་ལ།།” ཞེས་ཉ་གསུམ་གྱི་དབུ་མ་ཚེས་བཅོ་ལྔ་ཡིན་པ་བསྟན་པའི་ཤུགས་ལས་ཚེས་བཅུ་བཞི་དང་བཅུ་དྲུག་གཉིས་སྔོན་རྗེས་གཉིས་ཀྱི་ཉ་ཡིན་པ་གོ་ཐུབ་པ་མ་ཟད་གཤམ་དུ་འབྱུང་བའི་ཁྲི་རྗེ་ལུང་བསྟན་གྱི་མདོ་ལས་ཀྱང་དེ་དང་མཐུན་པ་གསལ་པོར་བསྟན་འདུག་གོ། དེ་བཞིན་སྟོང་གསུམ་ནི་ཟླ་ངོ་རེའི་ནང་འབྱུང་བའི་མཐར་ཐིག་ཅན་གྱི་ཚེས་གྲངས་ཏེ་ཚེས་བཅུ་དང་ཉི་ཤུ་སུམ་ཅུ་གསུམ་ལ་ངོས་འཛིན་དགོས་པར་སྣང་ངོ་། །དུས་ཚིགས་དེ་དག་གི་ནང་དུ་དགེ་སྒྲུབ་སྡིག་སྤོང་བྱས་ན་བསོད་ནམས་ཀྱི་ཚོགས་ཆེ་བར་གསུངས་པ་ལྟར་གཤམ་ནས་མཁྱེན་པར་མཛོད།
དུས་ཚིགས་དེ་དག་གལ་ཆེན་པོར་འཛིན་པའི་རྒྱུ་མཚན་ནི། དེ་མུས་ཁྲི་རྗེ་ལུང་བསྟན་གྱི་མདོ་ལས། “འདི་ལྟར་འཛམ་བུ་གླིང་གི་མི་ལ། བྱ་ར་བྱེད་པ་རྣམས་བསྟན་ཏེ། སྟོང་ཆེན་པོའི་དུས་སུ་ནི། ཝེར་རོ་ལྷ་རྒྱལ་ཚངས་པ་འབུམ་ཁྲི་དེས་གླིང་བཞི་ཉུལ་ཞིང་ལྟའོ། །ཚེས་གཅིག་གི་ནང་པར་ལྷའི་གནས་དགའ་ལྡན་ནས་ལྷའི་གནས་ཉེ་བར་སྐྱོན་ལྟའོ། །ཚེས་བརྒྱད་ཀྱི་དུས་ན་ལྷའི་བུ་སུམ་པ་ཆུད་སད་ཀྱི་བུ་ཉི་མ་གཞོན་ནུས་ལྟའོ། །ཚེས་བཅུ་བཞིའི་ཉ་དང་པོ་ལ་ནི་ལྷའི་དམག་དཔོན་ཆེན་པོ་བཞིས་ལྟའོ། །ཉ་ཆེན་པོ་ལ་ནི་ལྷའི་བུ་ཝེར་རོ་བཾ་ངའི་རྒྱལ་པོ་ཆེན་པོ་བཞིས་ལྟའོ། །ཚེས་བཅུ་དྲུག་ཉ་ཆེན་ཐ་མ་ལ་ནི། རྒྱལ་པོ་ཆེན་པོ་བཞིའི་གཡོག་པོས་རྒྱལ་བཞི་ཉུལ་ཞིང་ལྟའོ། ཚེས་ཉི་ཤུ་གཉིས་ལ་ནི། རིན་བོ་ཆེ་བདུན་གྱི་ཁ་ནས་ལྷའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་བདུན་གྱིས་ལྟའོ། །ཉི་ཤུ་དགུའམ་གནམ་སྟོང་ལ་ལྷ་དང་མིའི་མཚམས་ནས་རི་བདུན་གྱི་དཀྱིལ་ནས་སྟོན་པ་གཤེན་རབ་ཀྱི་ཡོན་བདག་འབངས་དད་པ་ཅན་སྨྲ་མི་གྲོང་བདུན་ཉུལ་ཞིང་ལྟར་འོང་སྟེ། དེ་དག་གིས་བལྟས་ནས་འདི་སྐད་དུ་སྨྲས། འཛམ་བུ་གླིང་གི་མི་རྣམས་དག ལས་ཅི་བྱེད་ལྷའི་བུ་རྣམས་ཀྱིས་ཉུལ་ཞིང་བལྟས་སོ། །ཞེས་ཟེར་རོ། །བལྟས་ཞིང་ཉུལ་བའི་རྟིང་ལ་སྡིག་པ་མུ་དགེ་བ་སྤངས་ནས། ལས་ཅི་བྱེད་ལྷའི་བུ་དགེ་བཅུ་སྤྱོད་ཅིང་ཚུལ་ཁྲིམས་ཐུབ་ན་འདི་སྐད་སྨྲས། ཨེ་མ་འཛམ་བུ་གླིང་གི་མི་རྣམས་དག །ལས་སུ་བྱ་བ་ལེགས་པར་སྤྱོད་དོ། །མི་ལུས་ཐོབ་པ་ལ་དོན་ཡོད་དོ། །གླིང་ཁྱད་པར་ཅན་དུ་སྐྱེས་པ་ཆུད་མི་ཟོས་སོ། །ཚུལ་ཁྲིམས་དང་ལྡན་ནོ། །ངན་འགྲོ་སྤང་ངོ་། །བདེ་འགྲོ་ཐོབ་བོ། །དོན་དང་ལྡན་ནོ། །དུས་ཁྲིམས་དེའི་ཡོན་ཏན་གྱིས་མི་རྣམས་ཀྱང་བདེ་བ་དང་སྐྱིད་པར་འགྱུར་རོ། །ལྷ་རྣམས་ཀྱང་རྒྱལ་ཞིང་འཕེལ་བར་འགྱུར་རོ།།” ཞེས་དང་། “དེ་ལྟར་བསོད་ནམས་ཆེ་བས། དེ་ལྟར་བུའི་དུས་དག་ཏུ་བསྲུང་བར་བྱ་སྟེ། དུས་བརྒྱད་དམ། དུས་གསུམ་མམ། དུས་གཉིས་སམ། དུས་གཅིག་ཏུ་བསྲུང་བ་རྣམས་ཀྱིས་ཁྲིམས་ཀྱི་རྩ་བ་འདི་དག་སྲུང་སྟེ། སྲོག་གཅོད་པ་དང་། རྐུ་བ་དང་། འཁྲིག་ཆགས་དང་། རྫུན་དང་། མྱོས་པའི་ཆུ་དང་། དུས་མ་ཡིན་པའི་ཟས་དང་། སྡིག་པའི་གྲོགས་པོ་དང་། བཞོན་པ་དང་། རྒྱན་དང་། གླུ་རྩེད་རྣམས་སྤངས་ཏེ་ནང་ནུབ་དང་། ཉིན་གུང་དང་། མཚན་གུང་ལྟ་བུ་ལ་ཕྱག་བྱའོ། །འདོན་པ་དང་། བསྒོམ་པ་ལས་སོགས་ཏེ་ཅི་ལྟར་ནུས་པར་བྱ་ཞིང་སྦྱིན་པ་དམིགས་པ་མེད་པར་རྒྱ་ཆེར་བགྱིའོ། །གཞན་ལ་གནོད་པ་འཚེ་བ་ནི། སྲོག་གི་ཕྱིར་ཡང་མི་བྱའོ།།” ཞེས་དུས་ཁྲིམས་སྲུང་བའི་ཕན་ཡོན་དང་བསླབ་བྱ་གསལ་པོ་གནང་འདུག་གོ། །