ངན་ལམ་རལ་གསུམ་གང་དུ་ངོས་འཛིན་དགོས།
རྩོམ་བྲིས་པ། ལྷ་གཡག་རག་པ།
(རྩོམ་ཡིག་འདི་རྩོམ་པ་པོས་ངམ་སྟག་ར་ཀླུ་གོང་གི་སྐོར་དཔྱད་ཞིབ་གནང་བའི་སྐབས་སུ་ཞོར་འཕྲོས་ཡིན།)
བསྒྲགས་གླིང་ནས། ” ངམ་ལམ་རལ་གསུམ་བོན་གྱི་འདུ་འཚོགས་གནས། ” ཞེས་དང་། སྒྲ་འགྲེལ་ལས། ” ངན་ལམ་རལ་གསུམ་་་་ ” དང་། དཔལ་ཚུལ་བསྟན་འབྱུང་ལས། ” ངལ་ལན་རལ་གསུམ་་་ ” སོགས་གསུངས། མདོར་ན་ངན་ལམ་རལ་གསུམ་ནི་བསམ་ཡས་ནས་སྐྱིད་ཤོད་ཡོང་བའི་བར། དེ་ཡང་ངན་ལམ་སྲི་འམ་དེང་སྐབས་ཡི་གེ་འབྲི་ལུག་འགྱུར་བའི་ཀྲི་ནང་། ཕུ་ལུང་པ་རྨ་ལུང་དང་། བྲག་ལ། (བྲག་རལ) གཡའ་ལུང་བཅས་གསུམ། རྨ་ལུང་གྱང་རལ་ལ་སྔོན་བོན་གྱི་དགོན་པ་ཡོད་པར་གྲགས། བྲག་ལར་རྫ་ལྕགས་རི་དང་ལྐུགས་པ་བྲག་རི། གཡའ་ལུང་ནང་ཧ་ལམ་ངམ་སྟག་ར་ཀླུ་གོང་གྱི་བང་སོར་ཞོལ་རྡོ་རིང་གི་ཚབ་དུ་འཛུག་འཆར་བྱས་པའི་རྡོ་རིང་གཤོག་པ་ཅན་བཅས་ཡོད། གཤམ་རི་ཁུག་དུ་ཡུལ་མིས་ས་གྲུ་བཞི་ཞེས་བློན་པོ་ངམ་སྟག་ར་ཀླུ་གོང་གི་བང་སོ་རྒྱ་ཆེན་པོ་ཞིག་ཡོད་ཀྱང་དེང་སྐབས་སྲུང་སྐྱོབས་མེད། འདིར་དེ་སྔོན་པོ་ཏ་ལའི་ཞོལ་རྡོ་རིང་ཕྱི་མ་དང་འདི་གར་རིག་གསར་སྐབས་གཏོར་བཅོམ་བྱས་པའི་རྡོ་རིང་གང་གི་གཤོག་པ་ཅན་སོགས་གསུམ་ཙམ་ཡོད་འདུག དུང་དཀར་ཚིག་མཛོད་ལས། ངན་ལམ་སྟག་ར་ཀླུ་གོང་ངམ། ངམ་སྟག་སྒྲ་ཀླུ་ཁོང་ཁ་ཁར་བཤད་ཀྱང་འདི་བདེན་པ་དེ་ཙམ་མ་མཐོང་། གཤམ་དེར་འབའ་རྡོག་དགོན་པ་དང་རྒྱ་ཚ་འབུམ་པ་ཞེས་མཆོད་བརྟེན་ཤུལ་དང་བང་སོ་དང་། གོང་དེར་ཆུ་མིག་ཁྲ་མོ། ཆུ་མིག་དང་བང་སོ་བརྒྱ་དང་བརྒྱད་རེ་ཡོད། ལྷ་ཀླུང་སྒྲུབ་ཁང་བླ་མ་ཞང་ཆུང་ངུའི་དུས་ཀྱི་ཞབས་རྗེས། བྱང་མཁར་བླ་མ་ཞང་གི་སྐུ་གདུང་དང་ཞབས་རྗེས་གྲུབ་རྟགས་བཅས་ཡོད།
ལུང་པ་འདི་བསམ་ཡས་ནས་སྐྱིད་ཤོད་ལྷ་སར་འགྲོ་སའི་ལམ་བར་དུ་ཡོད་པ་མ་ཟད་ངན་ལམ་སྟོང་སྡེའི་ཁུལ་ཡིན་ཏེ། དར་རྒྱས་གསལ་སྒྲོན་ལྡེབ་༣༢༧ལས། ” ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་གྱི་ནས་བྲག་དམར་བསམ་ཡས་གསེར་མང་པོ་ཡོད་པ་ཐོས། བསམ་ཡས་སུ་ཡོང་ན་ནུབ་མོ་བསྐོར་བ་བྱས་པས། དཀོར་གཉེར་ན་རེ། ཁྱོད་ལྷོ་བལ་གྱི་མི་དད་པ་ཅན་འདུག་པས་མོས་གུས་གྱིས་གསུངས་ནས་སྒོ་བཅད་ནས་སོང་། དེར་སྒྲོ་བ་ཞིག་ལ་ཁྲོ་ཆུས་རྒྱས་བཏབ་པ་ཞིག་འདུག་ནས།བཏེག་པས་ལྕིད་ཆེ་སྟེ། འདི་ནས་གསེར་ཡོད་སྙམ་ནས་ཁྱེར་ནས་བྲོས་སོ། ནུབ་མོ་ཕྱིན་ཅིང་ཉིན་མོ་ནགས་གསེབ་ཏུ་སྡད། དེ་ནས་ངན་ལམ་གྱི་ལུང་པ་སྲི་བྱ་བར་སླེབས་ཏེ། ཁྲོ་ཆུ་ཁོལ་མའི་རྒྱ་བཅག་ནས་སྒྲོ་བ་ཁ་ཕྱེས་པས། “ཞེས་དང་། ཏུང་ཧོན་ཡིག་རྙིང་ལྡེབ་ལས། ” ངམ་སྟག་ར་ཀླུ་གོང་གྱི་བོང་སོ་ངན་ལམ་སྲི་ལ་སྦས། ” ཞེས་དང་། ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་རྣམ་ཐར་རྒྱལ་བློན་མ་དཔེ་གཟུགས། ཤོག་ལྷེ༡༧ལས། ” བྱང་མཁར་དང་། གཡའ་ལུང་གཉིས་གཡར་ས་དགུན་ས་བྱས། དགེ་སྦྱོར་བོག་ཆེ་བར་བྱུང་། ” ཞེས་དང་། ལྡེབ༡༨ལས། ” དེ་ནས་བྱང་མཁར་ཕུག་དུ་བཞུགས་པས་ནས་་་་་དེའི་ནུབ་མོ་ང་སྡོད་སའི་རྩེ་མོ་ལ་འབྲུག་ཆེན་པོ་ཞིག་གྲག་པས། རྒྱལ་ཁམས་ཐམས་ཅད་དུ་གྲག་པར་སྨིན། ངན་ལམ་རལ་གསུམ་ནས་ཇེ་ཆེ་ཇེ་ཆེར་ལ་སོང་། ” ཞེས་སོགས་འཁོད་ཡོད་པའོ།
དེང་སྐབས་འདིའི་རྒྱུད་འཛུག་བསྐྲུན་གྱི་ཚ་རླབས་འབར་བཞིན་འདུག་སྟབས་ས་མིང་སོགས་ཞིབ་ཙམ་བྲིས་པའི་ཁུལ་ཡིན། འདུ་གནས་ནི་སྟག་ར་ཀླུ་གོང་བང་སོའི་ཐད་ཀྱི་ཡུལ་ལྷ་གསོ་སའི་ཐོག་མཁར་དམར་དགོན་ཤུལ་ལམ། བསམ་གཏན་ཨ་ནེའི་རི་ཁྲོད་ཀྱི་ཤུལ་དེར་ཡིན་ནམ་སྙམ། ད་ལྟའི་གནས་ཡུལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་ལྡིང་གྲོང་ཚོ། ཁྲོན་བོད་གཞུང་ལམ་ནས་སྤྱི་ལེ་ལྔས་འདིར་སླེབ་ཐུབ།