ང་བདག་ཆམ་ལ་དབབ་ནས་རང་རྒྱུད་འདུལ་སྟངས་ཇི་ལྟར་ཡིན་ནམ།
རྩོམ་བྲིས་པ། དགེ་བཤེས་བསམ་གཏན་གཙུག་ཕུད། དྲི་བ་གཏོང་མཁན། གཤེན་བསྟན་གླེང་སའི་དད་ལྡན།
ལན། དེ་རིང་ངས་སྲོལ་རྒྱུན་གྱི་བཤད་ཐབས་དང་ཡོངས་གྲགས་ཁ་སྐད་ཀྱི་འབྲེལ་བའི་ཐོག་ནས་དེའི་སྐོར་ཕྲན་བུ་ཞུ་ཨི་ཤེས་བལྟ་རྒྱུ་དེ་ཡིན།
དང་པོ་ང་བདག་ཆམ་ལ་དབབ་ནས་རང་རྒྱུད་འདུལ་སྟངས་ལབ་ཡ་དེ་ཞུ་གི་ཡིན། རྩ་བའི་ཁ་བྱང་དེ་ལ་་”བོན་གྱི་ཉམས་ལེན་ལ་བརྟེན་ནས་རང་ཉིད་ཀྱི་སེམས་འདུལ་”ལབ་ཡ་དེ་རེད། ཚིག་དེ་མདོག་སུ་བལྟས་ན་ཚིག་སྙན་པོ་དང་། དོན་དག་ཟབ་མདོག་ཁག་པོ་ཞིག་གོ་ཡོང་གི་ཡོད་རེད་ཏད། ཡིན་ན་དེ་རང་གི་རྒྱུད་ཐོག་ཏུ་ཉམས་སུ་ལེན་དགོས་ན་དཀའ་ངལ་ཆེན་པོ་ཞིག་དང་། ལས་སླ་པོ་ཞིག་ཡིན་རྒྱུ་མ་རེད་དྲན་གི་ཡོད། དཀའ་ངལ་ཆེ་འགྲོ་བའི་རྒྱུ་མཚན་འདེད། ཉམས་ཞིབ་བྱེད་ ཡོང་དུས་ཐ་མ་དེ་ལ་རང་ཉིད་ཀྱིས་རང་ཉིད་ཧ་མ་གོ་བའི་རྒྱུ་མཚན་གནད་འགག་དེ་ལ་ཐུག་ཡོང་གི་ཡོད་རེད་བསམ་གི་ཡོད། ནམ་རྒྱུན་ང་ཚོས་འཇིག་རྟེན་གྱི་བྱ་བཞག་གང་འདྲ་ཞིག་གི་ཐོག་ནས་བསམ་བློ་གཏོང་བ་ཡིན་ན། ཁ་ནས་ང་དང་ང་ལབ་ནས་ང་དེ་བདག་པོ་གལ་ཆེན་པོ་ཞིག་དང་རྩ་ཆེན་པོ་ཞིག་ལ་བརྩི་གི་ཡོད་རེད། རྒྱུ་མཚན་དེ་ཡིན་དུས་ང་ཚོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཐམས་ཅད་ལ་ང་ལབ་ཡའི་བདག་པོ་དེས་དབང་སྒྱུར་བྱས་བསྡད་པ་ཤ་སྟག་ཡིན་པ་དེ་ཤེས་དགོས་པ་རེད་ལ། ཧ་གོ་དགོས་ཀྱི་རེད། དེ་ཡིན་དུས་ཐོག་མར་ང་ལབ་ཡ་དེ་རྩད་གཅོད་གཏོང་། དེ་གང་འདྲ་ཞིག་འདུག་ལྟ་ནས་རང་གི་ཕུང་པོའི་ཕྱི་ནང་སྐྱེ་མཆེད་ཐམས་ཅད་རེ་རེའི་སྟེང་ནས་བཙལ་འཚོལ་དང་རྩད་གཅོད་གཏོང་།
ཉམས་ཞིབ་བྱེད་དགོས་པ་རེད། ང་ལབ་སའི་གདགས་གཞི་དེ་གང་འདྲ་འདུག་བརྟག་དཔྱད་བྱེད་ཡོང་དུས་རྙེད་གཏོང་རྒྱུ་དང་། སྟོན་གཏོང་རྒྱུ། ཐོབ་གཏོང་རྒྱུའི་དངོས་པོ་གེར་ཡོད་པ་མ་རེད། ཚང་མ་ངའི་ཅན་རྐྱང་རྐྱང་རེད་མ་གཏོགས་ང་ལབ་སའི་བདག་པོ་དེ་རྙེད་རྒྱུ་མེད་པ་ཧ་གོ་དགོས་པ་གལ་ཆེན་པོ་རེད། དཔེར་ན། ངའི་མགོ། ངའི་ལག་པ། ངའི་རྐང་པ། ངའི་སེམས། ངའི་སྐད་ཆ་བཤད་ལབ་ཡ་དེ་འདྲ་རྐྱང་རྐྱང་གི་སྟེང་ལ་འབབ་ཡོང་གི་ཡོད་རེད་མ་གཏོགས་བདག་པོ་ང་ལབ་ཡ་དེ་འདི་ཞེས་མཛུབ་མོ་འཛུགས་ས་ཞིག་རྙེད་རྒྱུ་མེད་ཐག་ཆོད་རེད། ནམ་རྒྱུན་ང་ཚོས་ངའི་མགོ་ན་བ་ལ་ང་ན་ལབ་ནས་བདག་པོ་དེ་བདག་རྒྱུའི་དངོས་པོ་ཡ་གྱལ་བ་བྱེ་བྲག་ཅིག་ལ་བཏགས་ནས་ཡིད་ཚིམས་འདུག་གི་ཡོད་པ་ཡིན་ཙམ། དོན་ངོ་མ་དེ་ཧ་གོ་གི་ཡོད་མ་རེད། དེ་ཡིན་དུས་ང་རང་ཚོའི་ཕུང་ཁམས་སྐྱེ་མཆེད་རེ་རེའི་སྟེང་ན་ང་དེ་མ་རྙེད་དུས་འོ་ན་ང་ལབ་ཡ་དེ་ང་རང་ཚོའི་ཕུང་ཁམས་སྐྱེད་མཆེད་དང་རྣམ་ཤེས་དེ་ཚོ་ཚང་མ་འདུས་བསྡད་པ་དེ་རེད་དྲན་གྱི་རེད།
འདུས་བསྡད་པ་དེ་ག་བར། བྱེ་བྲག་རེ་རེའི་སྟེང་ནས་ང་མ་རྙེད་པ་དེ་བ་ནང་བཞིན་ཚང་མ་འདུས་བསྡད་པའི་ང་ཞིག་དེ་བས་རྙེད་རྒྱུ་ཡོད་པ་མ་རེད། དེ་ཚོ་ཚང་མ་དེ་ང་རང་ཚོའི་བློ་ཡི་འཛིན་སྟངས་ཟེར་ན་འདྲ། བདག་འཛིན་མ་རིག་པའི་འཛིན་སྟངས་ཤིག་གི་སྒོ་ནས་ཕར་མིང་བཏགས་བཞག་པ་རྐྱང་རྐྱང་རེད་མ་གཏོགས་ཡུལ་ཁོ་རང་གི་ངོས་ནས་འདི་དང་འདི་ཞེས་ཚུར་རང་ཚུགས་སུ་གྲུབ་བསྡད་པ་ཞིག་རྩ་བ་ཉིད་ནས་ཡོད་པ་མ་རེད། དེ་མེད་པ་དེ་ལ་བདག་མེད་ལབ་གི་ཡོད་རེད། སེམས་ཀྱི་གཤིས་ལུགས་ལབ་གི་ཡོད་རེད། གང་ལྟར་དེ་འདྲ་ཞིག་ངོ་ཤེས་དུས་བདག་འཛིན་གྱིས་འཛིན་བསྡད་པ་ནང་བཞིན་གྱི་ཡུལ་གྱི་དངོས་པོ་ཞིག་མེད་པ་ཧ་གོ་བ་རེད། དེ་ཧ་གོ་དགོས་པ་དེ་ཡང་གལ་ཆེན་པོ་གཅིག་ཆགས་གི་ཡོད་རེད། བསམ་མནོ་གཏོང་ཚུལ་དེ་ལ་གང་ཟག་གི་བདག་མེད་འཚོལ་སྟངས་ཟེར་གི་ཡོད་རེད། གང་ཟག་གི་བདག་མེད་འཚོལ་སྟངས་དེ་མདོ་སྔགས་སེམས་གསུམ་ལམ་གང་འདྲ་ཞིག་ཡིན་ན་ཡང་ཐོག་མའི་རིག་པ་གཅིག་པ་ཆགས་གི་ཡོད་པ་མ་ཟད། འཁོར་བའི་རྩ་བ་གཅོད་པ་ལ་ངེས་པར་དུ་དེ་ཤེས་དགོས་པ་རེད། དེ་ཤེས་ན་ཕན་ཐོགས་ཆེན་པོ་ཡོད་པ་རྗེས་ནས་ཉམས་མྱོང་གི་སྟེང་ནས་ཧ་གོ་ཡོང་གི་ཡོད་རེད།
དང་པོ་གཞི་དེ་འདྲ་ཞིག་ལ་རྩ་བ་བཙུགས་ནས་དེ་ནས་ཐེག་པ་དང་གྲུབ་མཐའི་ཁྱད་པར་གྱི་སྒོ་ནས་བདག་མེད་ལབ་ཡ་དང་། སྟོང་ཉིད་ལབ་ཡ་དེ་ཚོ་ངོས་འཛིན་གནང་སྟངས་དང་། དེ་རྟོགས་པའི་ཤེས་རབ་ལ་ཟབ་ཞན་གང་འདྲ་ཡོད་པ་དང་། ལྟ་བའི་རིམ་པ་ལ་ཡང་ཁྱད་པར་མང་པོ་ཡོད་པ་དེ་ཚོ་རིམ་པས་ཤེས་ཡོང་གི་ཡོད་རེད་ལ། ཤེས་རྒྱུ་ཡོད་པ་ཞིག་རེད། རིག་པ་དེ་ཡང་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོས་འགྲོ་བ་རྣམས་ལ་བོན་གྱི་འཁོར་ལོ་སྐོར་དུས་བོན་གྱི་ཉམས་ལེན་ཐམས་ཅད་”བོན་གྱི་མདོ་བཞི”ལ་འདུམ་བསྡུས་ནས་གསུང་གི་ཡོད་རེད། དེ་དུས་དེའི་བཞི་པ་དེ་བོན་ཐམས་ཅད་ཀྱི་མདོ་སྟོང་ཞིང་བདག་མེད་པའོ། །གསུང་ཡ་དེ་རེད།
ཡང་བཀའ་རྟགས་ཕྱག་རྒྱ་བཞི་ཡི་ནང་ནས་ཀྱང་དང་པོ་དེ་ལ་ལྟ་བ་ཡས་ནས་མས་ཕབ་གསུང་སྟེ་ལྟ་བ་ཆེན་པོ་ཞིག་དང་། མཐོན་པོ་བསྟན་ཡོད་པ་རེད། དེའི་ལྟ་བ་ཡས་ནས་མས་དབུབ་རྒྱུ་དེ་དང་བོན་ཐམས་ཀྱི་མདོ་བདག་མེད་པའོ་ལབ་ཡ་དེ་གཉིས་ཏོག་ཙམ་ལྟ་རིམ་ལ་ཁྱད་པར་ཡོད་པ་ཡིན་འདུག་ཀྱང་མདོར་ན་དང་པོ་ང་བདག་ཆམ་ལ་ཕབ་ཡའི་རྩ་བའི་ལྟ་བ་བདག་མེད་ལབ་ཡ་དེ་དེ་འདྲ་ཞིག་ལ་མཐར་གཏུགས་ཡོད་རེད་ལ། གཏུགས་དགོས་པ་ཞིག་ཀྱང་རེད། ལྟ་བ་སྟོན་པའི་རང་གཞུང་ཐམས་ཅད་ནས་རིགས་པ་རྒྱུ་མཚན་དེ་འདྲའི་སྒོ་ནས་ནང་པ་གཤེན་རབ་པའི་ལྟ་བ་དེ་ཕྱི་རོལ་མུ་སྟེགས་པའི་ལྟ་བ་ལས་ཁྱད་དུ་འཕགས་པའམ་ཁྱད་བོན་གཙོ་བོ་ཞིག་ཡིན་པ་བསྟན་གི་ཡོད་རེད། དཔེར་ན། བདག་ཅག་གི་སྟོན་པས་གསུངས་པའི་མདོ་ཕྲན་ནང་ལ། མུ་སྟེགས་ལྟ་བ་ཤིན་ཏུ་མི་བདེན་ཏེ། ང་དང་བདག་ནི་ཡོད་པ་མ་ཡིན་ནོ། །ཞེས་པ་ལྟ་བུའི་ལུང་ཧ་ཅང་མང་པོ་ཡོད་པ་རེད།
མདོར་ན་ཐོག་མར་ང་ལབ་ཡ་དེ་དང་དེའི་འཛིན་སྟངས་གང་འདྲ་ཞིག་འདུག་པ་ཤེས་དགོས་པ་དེ་རང་རྒྱུད་འདུལ་བའི་ཐབས་ལམ་ཨང་དང་པོ་དེ་ཆགས་གི་ཡོད་རེད་ལ། འཇོག་དགོས་པ་ཞིག་རེད། དེ་ཚོ་ངས་ཁ་བདེ་བཤད་བཞག་པ་ཞིག་མ་ཡིན་པར་གོང་དུ་ཞུས་པ་བཞིན་ང་རང་ཚོའི་རྒྱུད་ལུང་ཚང་མའི་ནང་ནས་གལ་ཆེ་ཆེ་བྱེད་ནས་བཤད་འདུག་རྒྱུའི་མ་རིག་པ་དེ་རྩད་གཅོད་སྟངས་ཤིག་རེད། རྩ་བ་མ་རིག་པ་དེ་ངོས་ཟིན་ན་ཆགས་སྡང་དང་། སྡུག་བསྔལ་ལབ་ཡ་དེ་ཚོའི་འབྱུང་རྐྱེན་གྱི་རྩ་བ་དེ་ཧ་གོ་ཡོང་གི་ཡོད་རེད། དཔེར་ན། སྙ་ཆེན་ལི་ཤུ་སྟག་རིང་གིས་འདི་འདྲ་གསུངས་པ་རེད།”རྣམ་རྟོག་རྩ་བ་ལགས་ཀྱི་ང་བདག་ཆམ་ལ་ཕབ་”གསུངས་ཡོད་རེད། དེས་ག་རེ་གསུང་གི་ཡོད་རེད་ཟེར་ན། རྣམ་པར་རྟོག་པ་དང་། ཉོན་མོངས་པ། སྡུག་བསྔལ་བ་དེ་དག་ཐམས་ཅད་ཀྱི་འབྱུང་རྩ་བདག་འཛིན་མ་རིག་པ་དེ་ལ་ཐུག་གི་ཡོད་པ་དང་། དེ་རྩད་ཆོད་ན་ནད་བརྒྱ་སྨན་གཅིག་ལྟ་བུའི་བདག་མེད་རྟོགས་པའི་ཤེས་རབ་ཟེར་བའི་ཉམས་ལེན་ཞིག་གིས་རང་གི་རྒྱུད་བྱིན་གྱིས་རླབས་ཐུབ་གི་རེད་གསུང་གི་ཡོད་རེད། དེ་གཅིག་གྱིས།
གཉིས་པ་དེ་ལ། མཁས་པ་ལི་ཤུ་སྟག་རིང་གིས་”བཤད་པས་གང་ཟག་མི་ཐུལ་རང་ལ་ནང་དུ་ཤོད།”གསུངས་པ་རེད། ཚིག་དེ་ཡང་རང་རྒྱུད་འདུལ་བའི་གདམས་ངག་གལ་ཆེན་པོ་ཞིག་རེད། དེ་བ་ནང་བཞིན་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་ཀྱང་”མཁས་པ་རྣམས་ནི་ཤེས་ལ་དོན་མེད་ཡིན་”གསུངས་པ་རེད། དེ་ཚོས་ག་རེ་གསུང་གི་ཡོད་རེད་ཟེར་ན། བོན་ཆོས་ཟེར་ན་འདྲ། བོན་གྱི་ཉམས་ལེན་ཟེར་ན་འདྲ། གཙོ་བོ་ནང་དོན་རིག་པ་དེ་ཐོས་པ་ཙམ་གྱིས་མི་ཆོག་ཤེས་དགོས། ཤེས་པ་ཙམ་གྱིས་མི་ཆོག་དེ་ཉམས་སུ་ལེན་དགོས་རེད་གསུངས་པ་རེད། ཉམས་སུ་ལེན་སྟངས་ཀྱི་གོ་རིམ་འདྲ་མོ་བྱས་ན། དང་པོ་ཉམས་སུ་ལེན་རྒྱུ་གང་ཡིན་པ་དེ་ཤེས་པར་བྱེད་པ་ལ་ཐར་པའི་ལམ་སྣ་སྟོན་མཁན་གྱི་བླ་མ་དང་སློབ་དཔོན་བཙལ་འཚོལ་བྱེད། དེ་རྙེད་ན་དེའི་ཐུགས་བཟུང་། ཚུལ་བཞིན་དུ་བསྟེན། དེའི་དྲུང་ནས་བོན་ཉན་དགོ་གི་རེད། གོ་དགོ་གི་རེད། ཐོས་པ་ཙམ་གྱིས་ཀྱང་འགྲིག་གི་ཡོད་མ་རེད། ཤེས་དགོས་པ་རེད། ཤེས་པ་ཙམ་གྱིས་ཀྱང་རང་རྒྱུད་འདུལ་མི་ཐུབ་པ་དང་། མི་ཕན་དུས་མཐའ་མ་ཉམས་སུ་ལེན་དགོས་པ་དེ་གཙོ་བོར་ཆགས་ཀྱི་ཡོད་རེད། གལ་སྲིད་བཤད་ཤེས་པ་ཙམ་གྱིས་འགྲིག་བསྡད་ཡོད་ན། བོན་ཉམས་སུ་ལེན་མཁན་མ་ཡིན་པའི་དེང་སང་ཕྱི་རྒྱལ་གྱི་ཉམས་ཞིབ་མཁས་ཅན་དེ་ཚོ་དང་། སྔོན་མའི་གཏམ་རྒྱུད་ནང་དུ་འཁོད་པའི་ཚངས་པ་གདོང་བཞི་ལབ་ཡ་དེ་ཚོ་སྔ་ས་ནས་སངས་རྒྱས་ཚར་ཡོད་རེད་ལ། གྲོལ་བ་ཐོབ་མཁན་དང་པོའི་གྲས་ལ་སླེབས་ཀྱི་ཡོད་རེད། ཡིན་ན་ཡང་ཁོང་ཚོས་ཆགས་སྡང་དང་། སྡུག་བསྔལ་གྱི་གསེང་དུ་འཁོར་བའི་རྣམ་སྨིན་མྱོང་ནས་ལྷག་བསྡད་པ་རེད།
ད་་་་འདིའི་སྐབས་སུ་གཏམ་རྒྱུད་ཉུང་ངུ་ཞིག་ཞུས་ན། སྔོན་མ་དཔལ་ལྡན་ཚངས་པ་གདོང་བཞི་ལབ་ཡའི་མཐོ་རིས་ཀྱི་རྒྱལ་པོ་ཞིག་ཡོད་པ་འདྲ། ཁོ་ལ་མགོ་བཞི་ཡོད་རེད་ཟེར། ཁོས་ག་རེ་བྱེད་ཀྱི་ཡོད་རེད་ཟེར་ན། གདོང་པ་གཅིག་གིས་ཁོ་རང་གི་མངའ་འོག་རྣམས་ལ་ཁྲིད་ཀ་གནང་ནས་ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི། དགེ་སྡིག་སྤང་བླང་གི་རྣམ་བཞག་དེ་ཚོ་སྙན་པོ་བཤད་ནས་ཚང་མ་གྲོལ་ཐག་ཆོད་པ་བྱེད་གི་ཡོད་རེད། ཡང་གདོང་པ་གཅིག་གིས་ཕུ་བོས་བཤད་པ་དེ་བདེན་པ་མ་རེད་ཟི། ཚེ་འདི་ལ་སྐྱིད་པོ་མ་བཏང་ན་ཚེ་ཕྱི་མ་ཟེར་བ་དེ་ཚོ་རྫུན་རེད་ལབ་ནས་ཆགས་སྡང་གི་སྐད་ཆ་རྐྱང་རྐྱང་བཤད་དེ་ཞེ་སྡང་དང་། འདོད་ཆགས། གཏི་མུག་དེ་ཚོ་ཡར་སློང་བཅུག་ནས་སེམས་ཅན་ཐམས་ཅད་ལོག་པའི་ལམ་ལ་འཁྲིད་གི་ཡོད་རེད། གང་ལྟར་གདོང་པ་རེ་རེས་སྐད་ཆ་སྙན་པོ་རེ་རེ་བཤད་ཡོང་དུས་ཆགས་འཇོག་ས་དང་། ཡིད་ཆེས་སྐྱེ་ས་གང་ཡང་མེད་པ་ཆགས་འགྲོ་གི་ཡོད་པ་རེད། དེ་འདྲ་ཡོང་འགྲོ་བའི་རྒྱུ་མཚན་ནམ་རྩ་བ་ག་རེ་ལ་ཐུག་རེད་ཟེར་ན། འཁོར་བ་ལ་སྐྱོ་ཤེས་མ་སྐྱེས་པ་དང་། རང་རྒྱུད་ཀོ་གྱང་འདྲ་མོ་དེ་བོན་གྱིས་བརླན་མ་ཐུབ་པ་དང་། མ་ཐུལ་བའི་རྟགས་རེད།
དཔེར་ན། རང་རྒྱུད་འདུལ་བའི་ཐམས་ལམ་རེད། འདུལ་བྱེད་ཀྱི་བོན་སྒོ་ལ་ཐབས་ཆགས་བསྡད་པ་གང་ཡང་ཡོད་པ་མ་རེད། གང་ལ་གང་དགོས་དང་། ཕུན་སུམ་ཚོགས་པ། རྣམ་པར་དག་པ། ནང་དོན་དང་ལྡན་པ་ཡོད་ཡོད་པ་རེད། ཡིན་ཚུལ་འདྲ་མོ་ག་རེ་རེད་ཟེར་ན། ཐོག་མར་སངས་རྒྱས་བཀའ་དྲིན་ཅན་གྱིས་རང་རྒྱུད་འདུལ་བའི་ཐབས་སུ་སེམས་ཅན་རྒྱུད་ཀྱི་ཉོན་མོངས་པའི་རྣམ་གྲངས་བརྒྱད་ཁྲི་བཞི་སྟོང་ངོས་འཛིན་མཛད། དེ་ལ་བསྟུན་ནས་འདུལ་བྱེད་ཀྱི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། དེ་བཞིན་བློ་རབ་འབྲིང་ཐ་མ་དགུ་ལ་ལྟོས་ནས་ཐེག་པ་རིམ་དགུ་དང་། རྒྱུ་ཉོན་མོངས་དུག་ལྔ་ལ་ལྟོས་ཏེ་བོན་སྒོ་བཞི་མཛོད་ལྔ། དུག་གསུམ་ལ་ལྟོས་ཏེ་སྡེ་སྣོད་གསུམ། རིག་པ་དང་མ་རིག་པ་གཉིས་ལ་ལྟོས་ནས་དྲང་དོན་དང་ངེས་དོན་གཉིས་སོགས་བོན་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཡོད་རེད། དེ་དག་ཚང་མ་མདོར་བསྡུས་ཏེ་བཤད་ན་རང་རྒྱུད་ཉོན་མོངས་ཀྱིས་བསླད་པ་དེ་དང་། སྡུག་བསྔལ་གྱིས་ཟིན་བསྡད་པ་དེ་འདུལ་བའི་ཆེད་དུ་གསུང་བཞག་པ་ཤ་སྟག་རེད། སངས་རྒྱས་ཀྱིས་རང་ངོ་ལ་དགོས་བསྡད་ནས་གསུང་བཞག་པའི་བོན་སྣ་ཁ་གཅིག་ཀྱང་ཡོད་པ་མ་རེད། ཚང་མ་སེམས་ཅན་གྱི་ཆེད་དུ་རེད།
སྙིང་དོན།
མདོར་བསྡུས་ནས་ཞུས་ན་རང་རྒྱུད་འདུལ་བའི་ཐབས་ལམ་གལ་ཆེ་ཤོས་གཅིག་ནི་གོང་དུ་ཞུས་པ་བཞིན་ང་བདག་ཆམ་ལ་དབབ་རྒྱུ་དེ་རེད། དེ་ནི་ཀུན་སློང་གི་བསམ་པ་རྣམ་པར་དག་པར་བྱེད་པ་ལ་བདག་འཛིན་གྱི་མགོ་བོ་གནོན་རྒྱུ་དེ་གྱིས། སྤྱིར་བཏང་བོན་སྒོ་ཐམས་ཅད་ཀྱི་དང་པོ་སྔོན་འགྲོ་སེམས་བསྐྱེད་དམ་པ་ལབ་ཡོད་རེད་ཏད། སེམས་བསྐྱེད་རྣམ་པར་དག་པ་ལབ་ཡ་དེ་ལ་ཀུན་རྫོབ་ཀྱི་ཆ་ནས་དང་དོན་དམ་གྱི་ཆ་གཉིས་ཡོད་དུས་ངས་ད་ལྟ་དོན་དམ་གྱི་ཆའམ་གལ་ཆེ་བ་དེ་བཤད་པའི་ཁུར་རེད། གྱེར་ཙམ། བདག་འཛིན་གྱི་འགོ་གནོན་ཐུབ་ན་བདག་འཛིན་གྱི་འཛིན་སྟངས་གི་ཡུལ་དེ་སྟོང་པ་ཆགས་འགྲོ་གི་རེད་ལ་དེས་བཞག་པའི་བག་ཆགས་དེ་ཡང་རང་བཞིན་གྱིས་ཞི་འགྲོ་གི་ཡོད་རེད། ཡོང་གི་མ་རེད། དཔེར་ན། ལུང་པའི་ཕུགས་ཀྱི་ཆུ་བཅད་ན་མདའ་ཡི་ཆུ་ཆད་འགྲོ་བ་ནང་བཞིན་གཅིག་པ་རེད། བདག་འཛིན་གྱི་འཛིན་སྟངས་བོར་སོང་དུས་དགྲ་ལ་ཞེ་སྡང་རྒྱུ་དང་། གཉེན་ལ་དུང་ཆགས་རྒྱུ་དེ་ཚོ་རང་བཞིན་གྱིས་ཤུགས་ཚད་ཆུང་དུ་འགྲོ་ནས་སྡུག་བསྔལ་ཡང་ཉུང་དུ་འགྲོ་གི་ཡོད་རེད། སྡུག་བསྔལ་དེ་ཆུང་དུ་སོང་བ་དང་། ཉུང་དུ་ཕྱིན་པ་ཡིན་ན་དེ་དུས་རང་སེམས་ཞི་བདེ་ལབ་ཡ་དེ་གཞི་ནས་འགོ་ཚུགས་ཐུབ་ཀྱི་ཡོད་རེད་མ་གཏོགས་དེ་མིན་ཞི་བདེ་ལབ་ནས་ཁ་ཕྱི་ལ་ལྟ་སྟེ་འཛམ་གླིང་ས་ཕྱོགས་ག་བར་བོས་བསྡད་ན་ཡང་སྐད་སྒྲ་ཙམ་རང་རེད། ཞི་བདེའི་ས་བོན་རང་རྒྱུད་ལ་མ་ཚུགས་ན་ཞི་བདེའི་བདེ་སྐྱིད་དེ་འབོད་དུས་གོ་མཁན་ཞིག་དང་གཞན་པ་ཞིག་ནས་སླེབས་ཡོང་མཁན་དེ་འདྲ་ཞིག་མ་རེད་བ། དེ་བ་ནང་བཞིན་ཞི་བདེ་ལབ་ཡ་དེ་ཟས་མ་རེད་ལ་གོས་ཀྱང་མ་རེད། འོ་ན་ག་རེ་རེད་ཟེར་ན་སེམས་ཚོར་གྱི་བདེ་སྐྱིད་དང་རང་དབང་དེ་རེད། དེ་གཅིག་གྱིས། དེ་ཡན་ཆད་གང་ཞུས་པ་དེ་ཚང་མ་ང་རང་ཚོས་བདག་འཛིན་དང་དེའི་འཛིན་སྟངས་གཉིས་ངོས་བཟུང་ནས་སེམས་འདུལ་སྦྱོང་བྱེད་སྟངས་ཀྱི་ཐབས་ཤེས་དེ་གང་འདྲ་དགོས་པ་ཕྲན་བུ་ཞུས་པའི་ཁུལ་ཡིན།།