གྲྭ་ས་ཞེས་པའི་དོན་གང་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་འདོན་མཁན། བློ་གྲོས་བསྟན་འཛིན།
དྲི་བ། ཁར་རྩང་བྱ་མཇལ་སྐོར་དེ་གསལ་པོར་ཆགས་སོང་བས་དགེ་བཤེས་རྣམ་པར་ཐུགས་རྗེ་ཆེ། དེ་རིང་ངའི་དྲི་བ་ནི་ནམ་རྒྱུན་བོད་པའི་སྤྱི་ཚོགས་ནང་མི་རྣམས་ཀྱིས་གྲྭ་ས་ཟེར་གྱིན་འདུག དགོན་པ་ཞིག་ལ་གྲྭ་པ་ཅུང་ཙམ་ཡོད་མཁན་ཚང་མ་གྲྭ་ས་རེད་པས། ཡང་ན་དགོན་པ་ཞིག་ལ་དཔེ་ལྟ་སོགས་བཤད་གྲྭ་ཡོད་མཁན་ཚང་མར་གྲྭ་ས་ཟེར་བ་རེད། དེའི་བཀའ་ལན་ཞིག་གནང་རོགས།
ལན། བཀུར་འོས་བློ་གྲོས་བསྟན་འཛིན་ལགས་ནས་ང་ཚོར་བཀའ་འདྲི་གང་མང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱི་དྲི་བ་དེར་གུས་པས་བསམ་ཚོད་ཀྱི་ལན་ཞིག་ཕུལ་ན། སྤྱིར་གྲྭ་ས་ཞེས་པ་ནི་ཕྱོགས་མཐའ་རུ་ནས་དགེ་འདུན་གྱི་སྡེ་རྣམས་ལྷན་ཅིག་ཏུ་ཚོགས་ཏེ་འཆད་རྩོད་རྩོམ་གསུམ་ཡོད་པའི་འདུས་གྲྭ་ཞིག་ལ་གོ་དགོས་པར་སྙམ། དེའང་བོན་ལུགས་ལ་བསྟན་པ་ཕྱི་དར་སྐབས་སུ་གྲྭ་ས་གོང་འོག་བར་གསུམ་སྟེ་གྲྭ་ས་ཞེས་འབོད་པ་ནི་དགོན་སྡེ་དེ་དག་ལ་དགེ་འདུན་གྱི་སྡེ་ཡོད་པ་ཙམ་གྱིས་མིན་པར་དགོན་གནས་དེ་དག་ལ་ཚད་མ་རིག་པའི་སྡེའམ་བོན་གྱི་འཁོར་ལོ་རྣམ་གསུམ་སྟེ། འཆད་པ་བོན་གྱི་འཁོར་ལོ། རྩོད་པ་བོན་གྱི་འཁོར་ལོ། རྩོམ་པ་བོན་གྱི་འཁོར་ལོ་གསུམ་ཡོད་པས་ན་གྲྭ་ས་ཞེས་བཏགས་ཡོད་པར་སྙམ།