གྲུབ་པ་ཐོབ་པའི་གནས་དགུ་ནི།
རྩོམ་བྲིས་པ། སྐྱབས་སྟོན་རིན་ཆེན་འོད་ཟེར།
སྐྱབས་སྟོན་ཁྲོ་འགྲེལ་ལས། ” གཉིས་པ་གྲུབ་པ་ཐོབ་པའི་གནས་དགུ་ནི། དབལ་བོན་གྱིས་བདུད་དང་སྲིན་པོ་དབང་དུ་བསྡུ་བའི་ཕྱིར། དབལ་གྱི་མ་མོ་ཉེར་བདུན་རྫུ་འཕྲུལ་བཅུ་གསུམ་སྒོ་ནས་སྒྲུབ་པའི་གནས་ནི། སྟོད་ན་དབལ་གྱི་བྲག་ཕུག་རོང་ཆེན་བྱ་བ་འབྲུབ་ཁུང་གཏིང་ཟབ་རྦ་ཀློང་བཅས་པ་ཡོད་ཅིང་། མ་རྒྱུད་ནས། དེའི་ཤར་ཉི་གོང་གཉན་དམར་ལྷ་རྒོད་ཀྱི་སྒྲུབ་གནས་དང་། བྱང་ན་གེ་ཁོད་གཉན་ལུང་གེ་ཁོད་ཀྱི་དང་། ནུབ་ན་སེང་གེ་རྒྱ་མཆོང་མ་རྒྱུད་ཀྱི་དང་།
ལྷོ་ན་དབལ་རི་ཟུར་གསུམ་ཕུར་པའི་སྒྲུབ་གནས་ཅེས་དང་། བྱམས་མ་ནས། འཛམ་གླིང་ཕག་ནག་འཁྲོས་པ་འདྲ་བའི་གནས། དབལ་གྱི་རི་བོ་ཟུར་གསུམ་ཟླ་གམ་གཏིང་རིང་གི་བྲག་ཕུག་ཟེར་བ་ཕུར་པའི་གནས་སོ། །
ལྷ་གཤེན་གྱི་ལྷ་ཁམས་དབང་དུ་བསྡུ་ཞིང་ལྟུང་བའི་སྡུག་བསྔལ་ཞི་བའི་ཕྱིར་དུ་ཁ་དོག་མཚལ་གྱིས་བྱུག་པ་ལྟ་བུའི་རི་བོ་ཟུར་གསུམ་པ་ལྷ་རྣམས་ཀྱི་འདུ་ཞིང་འཚོགས་པའི་ས་གནས་དང་ནང་ནས་ཨར་མོ་ལི་ཀའི་གཅལ་དུ་རིན་པོ་ཆེའི་བཀའ་སྟེགས་ལ་སོགས་བཤད་པ་དེ་ལ་རི་རབ་ཀྱི་ལྷོ་ནུབ་མཚམས་ཏེ། སྲིན་པོའི་གདོན་འདུལ་ཕྱིར་ཏེ་གཉེན་པ་(པོས་)འདུལ་བའི་དོན་ནོ། །དེ་ནི་གཡུ་ལུང་གི་ལྷོ་ན་ཡོད་པར་གོང་དུ་བཤད་པ་བཞིན་ནོ། །མི་ལུས་ནི་གླིང་བཞི་ལ་དབང་སྒྱུར་ཅིང་འཕོ་འགྱུར་རྒྱུན་གཅོད་པའི་ཕྱིར། འགྲེལ་ལས། རྒྱ་མཁར་ཟེར་བ་མཁར་བདག་གི་མིང་དང་བསྟུན་ལ། རྒྱ་མཁར་ནི་དམུ་རྫོང་སྟེ་སྟོད་ན་མ་བརྩེག་མཁར་བཞི་བཤད་པའི་གཅིག་ཡིན་ལ། ཆོད་ནི་བྱི་བ་མཁར་ལྟར་སྟག་གཡག་གི་བ་གམ་ཡོད་པའོ། །ཀླུ་གྲུབ་ནི་ཀླུ་ཁམས་དབང་དུ་བསྡུད་ཅིང་རྨོངས་པའི་སྡུག་བསྔལ་བསལ་ཕྱིར་དུ། ཡར་ཆབ་གཙང་པོ་འདི་ཟད་པའི་འགོ་ན་གཡུའི་ཆུ་མིག་བརྒྱད་ཅུ་རྩ་གཉིས་བྱ་བ་ནི། མདོ་ན་བོད་དང་ཞང་ཞུང་གི་ས་མཚམས་བཤད་ཅིང་སྟོན་པའི་ཞབས་རྗེས་དང་བཅས་པ་ཡོད་དེ། །བྱམས་མ་ནས་ཀྱང་ཀླུ་གྲུབ་ཀྱི་གནས་སུ་བཤད་དོ། །སྣང་མདོག་ནི་ལོག་འདྲེན་འདུལ་ཞིང་ཉོན་མོངས་བསལ་ཕྱིར་ཏེ། རི་རྒྱལ་ལྷུན་པོའི་ཕོ་བྲང་ཟེར་བ་རི་རབ་ངོས་ལ་འདོད་པ་མང་ཡང་། སྟག་གཟིག་གི་གནས་དང་། མ་རྒྱུད་ནས་དབུས་ཀང་ཀ་སྟོབས་ཆེན། ཤར་སྤོས་རི་ངད་ལྡན། བྱང་ཕྱོགས་ན་གསེར་བྲག་བྱ་སྐྱིབ། ནུབ་ཕྱོགས་ན་འོལ་ཕུག་དགའ་ལྡན། ལྷོ་ཕྱོགས་ན་གཙུག་རུམ་འབར་བ་ཞེས་བཤད་པ་ལྟར་ལེགས་ཤིང་། ཀུན་རིགས་ནས་བྱ་རྒོད་སྤུངས་པའི་རི་ཞེས་ཀྱང་བྱ། བོད་(འོད་)ཀྱི་ལྷ་རི་སྤོས་མཐོན་ཞེས་ཀྱང་བྱ། ཞེས་མིང་རྣམས་གྲངས་སུ་བཤད་དོ། །འབུམ་སྡེའི་ལུགས་ཀྱི་གསུང་རབ་ཐམས་ཅད་གསུངས་པའི་གནས་དེའོ། །མུ་ཁྲི་ནས་སྡེ་བརྒྱད་དབང་དུ་བསྡུ་ཞིང་མཐུ་རྩལ་བསྐྱེད་པའི་ཕྱིར་ཏེ། ཐོག་མར་གཉའ་ཁྲི་བཙད་པོ་ལྷ་ལས་བབས་པའི་རི་ཡིན་པ་དང་། གྱང་ཐོ་ནི་ཕུག་པ་ལྟ་བུའམ་མིན་པར་རྩལ་གྱིས་སྒྲུབ་ཆའོ། །དེའི་རི་མགུལ་དུ་དེང་སང་ཡང་སྨན་ཆུ་དང་སྨན་ཕུག་ཡོད་ཟེར་ལྟར་ན་ས་ཕུག་གི་དོན་ཡིན་སྲིད་དོ། །དེ་ཕྱི་ནང་གི་འདུ་གནས་ཀུན་ལས་བཤད་དོ། །མོན་བོན་ནས་ནི་འདྲེ་སྲིན་བྱུར་གསུམ་དབང་དུ་བསྡུ་ཞིང་མཐུ་སྟོབས་དབང་ལྡན་པའི་ཕྱིར་དུ། ལྷོ་རྒྱ་མོན་གསུམ་ལ་བལྟས་པའི་རི་ཟུར་གསུམ་ཡོད་པ་ལ་སྔོན་སྤུན་གསུམ་གྱིས་ས་བགོས་བྱས་བས་དེང་སང་ཡང་རྒྱ་གྲོང་དང་མོན་གྲོང་ལ་སོགས་ཁྲིག་གེ་ཡོད་སྐད་དོ། །སྒྲུབ་པ་མེད་པ་ནི་གོང་དུ་བཤད་པ་ལྟར་བཀའ་གནམ་བབས་སུ་བྱུང་བའོ། །གནས་མིག་ཀྱང་རྩེ་མོ་ན་ཕུག་པ་ཡོད་ཟེར་བ་རྐོང་པོའི་ཡུལ་གྱི་ཟུར་ནའོ། །ལི་ཤུའི་འདུ་གནས་བཤད་པ་ལ་བོད་དང་མོན་གྱི་རུ་མཚམས་ལ་བྱ་རི་སེང་ཤོ་ཟེར་བ་དང་གཅིག་པར་འདོད་ཀྱང་། དེ་མཆོད་རྟེན་བྱ་རུང་ཁ་ཤོར་ཡིན་པས་ཐ་དད་དོ། །སྟག་ཝེར་ནི་ཀླུ་བདུད་མཚོ་སྨན་དབང་དུ་བསྡུ་ཞིང་དངོས་གྲུབ་རྣམ་གཉིས་ཐོབ་པའི་ཕྱིར་དུ། མཚོ་མུ་ལེ་ཁྱུད་ནི་མུ་ཁྱུད་བདལ་བའི་མཚོ་མིང་གཅིག་པས་རི་མུ་ཁྱུད་འཛིན་གྱི་རྩ་བའམ། མ་རྒྱུད་ནས་སྟག་གཟིག་ཡུལ་དུ་བཤད་དོ། །ཤར་ན་མུ་ཡང་སྤྲུལ་པ་སྟེ། བྱང་ཕྱོགས་ན་མུ་མེད་འཁྱིལ་བ། ནུབ་ཕྱོགས་ན་སྟག་སྡེ་རྔམ་ལུང་། ལྷོ་ཕྱོགས་ན་གཟིག་འཕན་འཇིགས་པ་ཞེས་སོ། །འགྲམ་ནི་མདོ་ལས་ཀྱང་མུ་ཁྱུད་བདལ་པའི་མཚོ་འགྲམ་དུ། གཞི་བཙལ་གནས་ཀྱི་ཕོ་བྲང་བཏིང་ཞེས། ཀློང་རྒྱས་ཞལ་སྲོའི་གནས་སུ་བཤད་པས། ཕྱི་ནང་འགྲམ་གྱི་ཁྱད་ཡོད་ཀྱང་སྲིད་དོ། །ཕྲག་ཐག་གིས་གནོད་སྦྱིན་དྲེགས་པ་ཅན་རྣམས་དམ་ལ་བཏགས་ཤིང་གཡུང་དྲུང་བོན་གྱི་བསྟན་པ་སྲུང་བའི་ཕྱིར། བོད་ཡུལ་དབུས་ཀྱི་གངས་ཏི་སེ་ཟེར་བ་ཞང་སྐད་ལ་བོད་དུ་གཅན་(གཅེན་)པོ་ཟེར་བ་དང་། སྤུན་དགུ་གཅེ་(གཅེན་)པོ་ཡར་སྐྱེས་ཞེས་བྱ་བས་འཛིན་པའོ། །གནས་མིག་ན་དེང་སང་ཡང་སྒྲུབ་ཕུག་ཡོད་སྐད། འདུ་གནས་དང་ས་ཚིགས་དང་གནས་མཚན་དང་ལྡན་པ་ཡོ་འཛོམས་པའོ། །” ཞེས་སོ།། །།