གྲམ་པ་ཁའུ་བོན་གྱི་འདུ་ཚོགས་ཞེས་པ་དེ་གང་དུ་ཡོད་དམ།
རྩོམ་བྲིས་པ། ལྷ་ཡག་རག་པ། དྲི་བ་གཏོང་མཁན། དགེ་བདག་མེད་འཇག་སྐྱ།
དྲི་བ། བོན་གྱི་ལོ་རྒྱུས་རྣམས་ལས་གྲམ་པ་ཁའུ་བོན་གྱི་འདུ་ཚོགས་གནས། གསུངས་པའི་ས་ཆ་དེ་ད་ལྟའི་ཆར་གང་ལ་ངོས་བཟུང་དགོས་སམ།
ལན། གྲམ་པ་ཁ་ཆུ་བོན་གྱི་འདུ་འཚོགས་གནས།༼ས ༽གྲམ་པ་ཁའུ།༼ད༽ གྲམ་པ་ཁའུ། ༼པ༽གྲམ་པ་ཁ་འུ་ནི་ས་སྐྱའི་ཡར་གྲམ་པའི་ལུང་ནང་། བསྒྲགས་གླིང་ལྡེབ་ ༡༠༦ ལས། ཁྲི་ཏིང་ཏིང་དང་ཁྲི་མ་སྟོང་འཕྱོའི་སྲས། སོ་ཁྲི་བཙན་པོ། སྐུ་གཤེན་གཅོའུ་འོད་དཀར་མཛད། གྲམ་པ་ཚལ་དུ་གསས་མཁར་དགུ་ར་དགུ་ཁྱུད་བཞེངས། ཞེས་དང་བསྒྲགས་གླིང་ལྡེབ་ ༡༥༡ ལས། ཕམ་ཤིས་ལ་སྟོད་ཁྲོམ་པ་རུ་ཁྲི་འདུལ་འོད་ཀྱི་ལྷ་ཁང་བཞེངས། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལྡེབ་ ༢༢༢ ལས། ལ་སྟོད་གྲམ་པ་རྒྱང་གི་ས་གནས་སུ། ཁྲི་འདུས་འོད་ཀྱི་དགོན་གནས་གསས་ཁང་བཞེངས། ཞེས་འདུལ་སྔ་རབ་བོན་གྱི་དགོན་སྡེ་ཡང་ཆགས་མྱོང་བར་མངོན།༼སྨན་སློབ་ཡོངས་འཛིན་བླ་མའི་བོད་ཡུལ་གནས་ཀྱི་ལམ་ཡིག་ལས། གཡག་ར་ཞེས་པའི་ཡུལ་དང་ས་སྐྱར་ཡོང་ན། ས་སྐྱ་ཐོག་མར་ཆགས་སའི་གནས་དེ། རུ་ལག་གི་འདུ་གནས་གྲོམ་པའུ་ཟེར་བ་དེ་ཡིན་ནོ།༽ཞེས་དང་། ས་སྐྱའི་གདུང་རབ་ངོ་མཚར་བང་མཛོད་འཕྲུལ་དེབ་༡༣ ལས་ “ དྲུག་པ་ཤེས་རབ་ཡོན་ཏན་གྱི་གྲོམ་པ་གཡའ་ལུང་དུ་བཞུགས།” ཞེས་དང་། ༡༨ ལས་ “བྲ་བོ་ལུང་པར་དགོན་ཆུང་ཅིག་བཏབ་ནས་ལོ་འགའ་བཞུགས་པས་དེ་ལ་ས་སྐྱ་གོག་པོར་གྲགས་སོ།།” ཞེས་གསུངས་པས་སོ།།