གྲངས་གནས་བདུན་བརྒྱད་གཉིས་ཀྱི་གོ་རིམ་ཇི་ལྟར་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ་ཁྱུང་ཐོག་རྒོད་སོགས། དྲི་བ་གཏོང་མཁན། གསེར་མདོག
དྲི་བ། བོན་ལུགས་ལ་གྲངས་གནས་དྲུག་ཅུ་བརྩི་སྐབས་གྲངས་གནས་བདུན་པ་དང་བརྒྱད་པ་གཉིས་ཀྱི་གོ་རིམ་བྱེ་བ་དང་ས་ཡ་ཞེས་བརྩི་དགོས་སམ། ཡང་ན་ས་ཡ་དང་བྱེ་བ་ཡིན།
ལན། རང་ལུགས་ཀྱི་མཁས་པ་རྣམས་ཀྱི་གསུང་སྟངས་ཅུང་མི་འདྲ་བ་འདུག་ལ། སྟོན་པའི་རྣམ་ཐར་དང་བདེར་གཤེགས་མཚན་བརྗོད་སོགས་སུ་མི་འདྲ་བར་བྱུང་། དཔེར་ན། མདོ་གཟེར་མིག་ལས། “སྤྱིར་ན་གྲངས་ཀྱི་ལ་ཚིགས་བགྲང་ལུགས་འདི་ལྟར་རོ། གཅིག་ཕྲག་བཅུ་ལ་བཅུ། བཅུ་ཕྲག་བཅུ་ལ་བརྒྱ། བརྒྱ་ཕྲག་བཅུ་ལ་སྟོང། སྟོང་ཕྲག་བཅུ་ལ་ཁྲི། ཁྲི་ཕྲག་བཅུ་ལ་འབུམ། འབུམ་ཕྲག་བཅུ་ལ་ས་ཡ། ས་ཡ་ཕྲག་བཅུ་ལ་བྱེ་བ། བྱེ་བ་ཕྲག་བཅུ་ལ་དུང་ཕྱུར། དུང་ཕྱུར་ཕྲག་བཅུ་ལ་ཁྲག་ཁྲིག་གིས་ཕྲག་དུ་མ་ལོངས་པ་གཅིག་ལས་མེད་དོ། དེ་ལྟར་ངས་འདུལ་བའི་མི་བཅེད་འཇིག་རྟེན་སྟོང་གསུམ་གྱི་སྟོང་འདི་ན་བསྡུས་པའི་གྲངས་ཀྱི་ལ་ཚིགས་བཅུ་ཐམ་པ་ཡོད་དོ། བཅུ་ཐམ་པ་གང་ཞེ་ན་རི་རབ་གླིང་བཞི་ཐ་མ་ལྕགས་རི་ཆུང་ངུ་རེས་བསྐོར་བ། རིགས་དྲུག་སེམས་ཅན་བརྟེན་པ་ནི། གཅིག་བརྩིས་ན་ཕྲག་ཁྲིག་གཅིག་ཡོད་དོ། བཅུ་རུ་བརྩིས་ན་དུང་ཕྱུར་ཕྲག་བཅུ་ཡོད་དོ། བརྒྱ་རུ་བརྩིས་ན་བྱེ་བ་ཕྲག་བརྒྱ་ཡོད་དོ། སྟོང་དུ་བརྩིས་ན་ས་ཡ་ཕྲག་སྟོང་ཡོད་དོ། འབུམ་དུ་བརྩིས་ན་འབུམ་ཕྲག་ཁྲི་ཡོད་དོ། ཁྲི་རུ་བརྩིས་ན་ཁྲི་ཕྲག་དུང་ཕྱུར་ཕྲག་བཅུ་ཡོད་དོ། སྟོང་དུ་བརྩིས་ན། སྟོང་ཕྲག་ས་ཡ་ཕྲག་སྟོང་ཡོད་དོ། …” ཞེས་སོགས་གསུངས་པ་དང་།
ཡང་བདེ་བར་གཤེགས་པ་སྟོང་རྩ་བརྒྱད་ཀྱི་མཚན་ཡང་དག་པར་བརྗོད་པའི་མདོ་ལས། བདེ་བར་གཤེགས་པ་འབུམ་ལ་ཕྱག་འཚལ་ལོ། །བྱེ་བ་ལ་ཕྱག་འཚལ་ལོ། །ས་ཡ་ལ་ཕྱག་འཚལ་ལོ། །དུང་ཕྱུར་ལ་ཕྱག་འཚལ་ལོ། །ཞེས་སོགས་གསུངས། དེ་བཞིན་༧རྗེ་རིན་པོ་ཆེའི་མཛོད་འགྲེལ་ལས་བྱེ་བ་ས་ཡ་ཞེས་གསུངས་པ་སོགས། མདོར་ན་གྲངས་གནས་ཀྱི་གྲངས་ཀ་ལ་འགྱུར་བ་མེད་ཀྱང་མིང་འབོད་སྟངས་སྔ་ཕྱིའི་ཐད་མཁས་པ་རྣམས་ཀྱི་བཞེད་པ་མི་འདྲ་བ་ཡོད་པར་སྣང་། །