གསེར་ཞལ་སེར་པོ་ཐུགས་ཀྱི་རྟེན། ཞེས་པའི་སྐོར་ལ་དྲི་བ།
རྩོམ་བྲིས་པ། ཞང་ཞུང་ཁྱུང་ལུང་རྔུལ་མཁརཿབཿ སོགས། དྲི་བ་གཏོང་མཁན། 切众生/皆有佛性
དྲི་བ། ཚེ་འདས་ཀྱི་མཚན་བྱང་འགོད་པ་ལས། “སྨྱུག་རྒོད་ཚིགས་གསུམ་སྲོག་གི་རྟེན། མཚན་བྱང་ཡི་གེ་གསུང་གི་རྟེན། གསེར་ཞལ་སེར་པོ་ཐུགས་ཀྱི་རྟེན། །” ཞེས་སོགས་གསུངས་ཡོད་པའི་གསེར་ཞལ་སེར་པོ་དེ་གང་ལ་གོ་དགོས་སམ།
ལན། གསེར་ཞལ་སེར་པོ་ཞེས་པ་ནི། བླ་འཁོར་ཆ་བདུན་གྱི་ནང་གསེས་སྐུ་རྟེན་ནམ་མཁའ་ལ་གོ །
_____རླུང་སྤྱོད།
ལན། སྐུ་རྟེན་ལ་ནམ་མཁའ་དང་གསེར་ཞལ་གཉིས་ཀ་ཡོད་པར་འདུག དེ་མིན་སྔགས་ཀྱི་མདོ་འདུར་རིན་ཆེན་ཕྲེང་བ་མུ་ཆོའི་ཁྲོམ་འདུར་ཆེན་མོ་ལས་ཚེ་འདས་ཀྱི་བླ་འཁོར་ཆ་བདུན་བསྐྱེད་པ་ལས། ” མཚན་མའི་བླ་འཁོར་ཆ་བདུན་ཏེ། ཤུལ་མཚོན་ནམ་མཁའ་འཇའ་རིས་དང་། གསུང་རྟེན་མཚན་བྱང་སྐྱ་བོ་གཉིས། རིན་ཆེན་བླ་རྡོ་འཕུར་མ་གསུམ སྐུ་སྟེང་༼རྟེན་༽སུར་དཀར་སྙུག་རྒོད་བཞི། ཐུགས་རྟེན་ན་བཟའ་དྲི་མ་ལྔ། ངེས་རྟགས་དུས་མདའ་དུས་འཕང་དྲུག ། འཕྲུལ་ཤིང་དབུ་ཤུག་རིང་ལྡེམ་བདུན། དེ་སྟེང་བླ་འཁོར་ཆ་བདུན་པོ། དང་པོ་གནམ་མའི་༼སའི༽བག་ལ་བྱུང་། བར་དུ་གནམ་སའི་བག་ལ་བཞེངས། ཐ་མ་གནམ་སའི་བག་ལ་བསྟིམ། དེ་ནམ་མཁའ་མུན་སེལ་སྒྲོན་མེ་འོད། འབྱུང་བ་ལྔ་ཡི་འོད་ལ་གྲུབ། ཡེ་ཤེས་ལྔ་ཡི་མདངས་དང་ལྡན། དཔེ་ནི་ནམ་མཁའ་གསལ་བའི་དཔེ། དོན་ནི་འདས་པའི་སྣང་གསལ་སྒྲོན། འདུར་གཤེན་ཐུགས་རྗེས་བྱིནབས་ནི། སྤྲུལ་པ་མི་འདྲ་ཅི་ཡང་སྣང་། སྨྲ་ཤེས་ཞལ་གྱི་ཚབ་ཀྱང་ཡིན། གསེར་ཞལ་གཡུ་ཡི་སྨིན་འཁྱུག་ཅན། དངུལ་ཞལ་གསེར་གྱི་སྨིན་འཁྱུག་ཅན། དུང་ཞལ་དངུལ་གྱི་སྨིན་འཁྱུག་ཅན། དར་ཞལ་མཚལ་གྱི་བ་དན་ཅན། རྗེ་དང་བརྡ་མཇལ་གཏམ་ཡང་བྱེད། དྲག་བྱེད་བདུད་ལ་ཤག་ཀྱང་འདེབས། དཀོར་ནོར་སྐོང་འགྲུབ་བཅུད་དང་ལྡན། རྗེ་ལ་ཡོ་བྱད་གསང་ཡང་འདྲེན། ཉམས་ནོངས་འདས་པའི་འཕང་བཙུན་གྱིས། བཀྲག་ཤོར་མདངས་ཉམས་ཞལ་བླན་ཕྱིར། འབྱུང་བ་འོད་ཀྱི་དངས་མ་དེ། ཁར་རྩང་ནམ་མཁའ་འཇའ་རིས་བཞེངས། འདས་པས་བཀའ་ཐུགས་བླ་ཡིད་དེ། ནམ་མཁའ་སྒྲོན་མ་འདུར་ཡག་པའི། དུག་ལྔའི་མུན་པ་མཐའ་ནས་དང་༼དངས༽། རྣམ་ཤེས་ཁྲི་མུན་ནང་ནས་འདོན། ནམ་མཁའ་ཕན་བསོད་དེ་ལྟར་ཆེ། ད་ནི་ནམ་མཁའི་ལས་རྫོགས་པ། འཕང་བཙུན་ཁྱོད་ཀྱི་བཀའ་ཐུགས་དེ། མཚན་མའི་རྫས་ལ་མ་ཐོག་ཅིག མཚན་མའི་རྫས་ཀྱི་ནམ་མཁའ་འདི། མཚན་མའི་སྟོང་པའི་མུ་ཁ་བསྐྱོད། འཕང་བཙུན་ཁྱོད་ཀྱི་བཀའ་ཐུགས་དེ་ཀྱང་། རྟེན་མེད་སེམས་ཀྱི་ཀློང་དུ་ཡང་། སེམས་ཉིད་བོན་ཉིད་མུ་འབྲེལ་ནས། དགའ་ཡུལ་དབྱིངས་སུ་སླེབ་པར་ཤོག །” ཞེས་སོགས་བླ་འཁོར་ཆ་བདུན་རྒྱས་པར་འདུག ལྷག་དོན་མུ་ཆོའི་ཁྲོམ་འདུར་ལྟར་ན། སྐུ་རྟེན་སུར་དཀར་སྙུག་རྒོད། །ཐུགས་རྟེན་ན་བཟའ་དྲི་མ། རེད་འདུག འདིར་གསེར་ཞལ་སེར་པོ་ཞེས་པ་དེ་ནམ་མཁའ་དང་གསེར་གྱི་ཞལ་འབག་གམ་སྨྲ་ཞལ་གཉིས་ཀར་གོ་བ་ཡོད་པའི་སྒྲུབ་བྱེད་གལ་ཆེན་ཞིག་ནི། ཏུན་ཧོང་ཡིག་རྙིང་གི་དུར་འཇུག་སྐོར་ལས། ” དེའི་འོག་ཏུ་ནམ་ཀ དེའི་འོག་ཏུ་སྨྲ་ཞལ། དེའི་འོག་ཏུ་ཞལ་དང་སྐུ་རྟེན། ” ཞེས་གསུངས་པ་སོགས་ལ་བརྟག་ན་གསེར་ཞལ་ནི་ནམ་མཁའ་དང་སྨྲ་ཞལ་ལམ་གསེར་གྱི་ཞལ་འབག་གཉིས་ཀར་གོ་བ་ཡོད་པ་དང་། ད་དུང་གཞན་བླ་འཁོར་ཆ་བདུན་སོགས་ལ་གཅིག་ཁོ་ནར་མ་ངེས་པ་སོགས་ཅི་རིགས་འདུག་པས། རྒྱས་པ་ཁྱུང་ལུང་དངུལ་མཁར་གྱི་ཞང་ཞུང་གནའ་ཤུལ་བང་སོའི་ནང་ནས་བརྙེད་པའི་བླ་འཁོར་ཆ་བདུན་སོགས་དང་འབྲེལ་བའི་རྩོམ་ཡིག་པར་རིས་དང་བཅས་པ་འདི་ནས་གཟིགས་ཐུབ།
_____ཞུང་ཁྱུང་ལུང་རྔུལ་མཁརཿབཿ།
ལན། འ་ཞ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་(མདོ་སྡེ་གསར་རྙིང་ལུང་གི་དགོངས་པ་བདུན་ཚིགས་སྤྱི་དྲིལ་ཉམས་སུ་ལེན་ཐབས།) “སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ནི། །གསེར་ཞལ་སེར་པོ་སྐུ་ཡི་རྟེན། །ཡེ་ནས་དྲི་མེད་དག་པ་ལ། །གདུང་ཁྲུས་གསོལ་ལྟ་མི་འཚལ་སྟེ། །ཚེ་འདས་ལུས་ཀྱི་སྒྲིབ་པ་སོལ་རི་ནག་པོ་འདྲ། །ལུས་ཀྱི་སྒྲིབ་པ་བཀྲུ་བའི་ཕྱིར། །གསེར་ཞལ་སེར་པོ་འདི་ལ་ཁྲུས་གསོལ་བས། །ཚེ་འདས་ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག །” ཅེས་དང་། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ལས་རྫུ་འཕྲུལ་ཉི་ཟེར་ཞགས་པ་འདུར་གྱི་མཆོང་ལས། ” བླ་འཁོར་ཆ་བདུན་ནི། སྐུ་རྟེན་གསེར་ཞལ་སེར་པོ་ཞེས་པ་ནམ་མཁའ། གསུང་རྟེན་མཚན་བྱང་སྐྱ་བོ། ཐུགས་རྟེན་ན་བཟའ་དྲི་མ། གདུང་རྡོ་བླ་གཡུ། མཚུན་ཤིང་སུ་དཀར། དབུ་ཤུག མདའ་འཕང་རྣམས་ཏེ་ཐམས་ཅད་ཚང་བར་གལ་ཆེའོ། །” ཞེས་གསུངས་སོ། །
_____ཧི་མ་ལ་ཡའི་རྒྱལ་སྲས།