གསང་སྔགས་མ་རྒྱུགས་རྗེ་ཉི་མའི་ནང་གི་ཁྲིད་བརྒྱད་པོ་གང་དང་གང་ཡིན་ནམ།
མཛད་པ་པོ། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ།
མ་རྒྱུད་ཁྲིད་བརྒྱད་སྐོར་གྱི་ཟིན་ཐོ།
(རྩོམ་ཡོང་ཁུངས་སྲིད་པའི་མིག་གི་སྐད་འཕྲིན་ལས)
ལམ་མངོན་སངས་རྒྱས་པའི་རྒྱུད་ལས། ཚོགས་ལམ་རྡུལ་ཤུགས་མཆོག་འབྱིན་འགོ་གནོན་དང་། །སྦྱོར་ལམ་ཡེ་ཤེས་རིག་བསྐྱེད་མངོན་གྱུར་གཅོད། །མཐོང་ལམ་རྫུ་འཕྲུལ་ཐབས་འབྱིན་རྩད་གཅོད་དང་། །སྒོམ་ལམ་ཐབས་ཐར་སྨིན་གྲོལ་དྲུངས་འབྱིན་ནས། །ཁྲིད་བརྒྱད་སྐུ་བརྒྱད་ཡོངས་རྫོགས་ལྷང་འབྱུང་བོན། །ཚེ་འདིར་མངོན་སུམ་བསྒྲུབས་པས་གཅིག་ཆོག་གིས། །མངོན་སངས་རྒྱས་པའི་རྒྱུད་འདི་ངས་འཆད་དོ། །ཞེས་མ་རྒྱུད་ལམ་ཁྲིད་ལ་ལམ་ལྔ་ཐབས་དྲུག་ཁྲིད་བརྒྱད་བསྟན་པའི་ཁོངས་ཀྱི་ཁྲིད་གཞན་ནི་ལམ་རྒྱུད་ལེའུ་བཅུ་གཉིས་པ་གྲོལ་ལམ་ཡན་ཆད་ནས་རྫོགས་ཤིང་། ཕྱི་མ་ཁྲིད་བརྒྱད་ནི་ལམ་རྒྱུད་ལེའུ་བཅུ་གསུམ་པ་ལམ་འབྲས་སྐབས་ནས་བྱུང་། ལམ་རྒྱུད་ལེའུ་བཅུ་གསུམ་པར་འགྲེལ་བ་གཏེར་ལས་བྱོན་པ་བཞུགས་མེད་སྟབས་མཚན་བཅས་སྐུ་བཞིའི་ཁྲིད་དང་། མཚན་མེད་བོན་སྐུའི་ཁྲིད་བཞི་བཅས་ཁྲིད་བརྒྱད་འདི་ལམ་འགྲེལ་ཁག་ལས་མིང་ཙམ་ལས་མ་གསལ། མཚན་བཅས་སྐུ་བཞི་ནི་གསང་མཆོག་རིགས་བཞི་ཡུམ་དང་བཅས་པར་ཟུང་བཞི་ལ་ངོས་འཛིན་དགོས། རྒྱུ་མཚན་ནི་གསང་མཆོག་རིགས་ལྔ་ལས་གསང་མཆོག་རྒྱལ་པོ་ནི་གཞི་ཡི་ལྷ་དང་། གསང་མཆོག་རིགས་བཞི་ཡུམ་དང་བཅས་པ་འབྲས་བུའི་ལྷར་བཞག་ཡོད། མཚན་མེད་ཀྱི་སྐུ་བཞི་ནི་བོན་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ། བདེ་བ་ཆེན་པོའི་སྐུ། སྐྱེ་མེད་ངོ་བོ་ཉིད་ཀྱི་སྐུ་དང་བཞི་ལ་ངོས་འཛིན། འདིའི་སྐུ་བརྒྱད་བསྟན་པའི་ཁྲིད་ལ་མ་རྒྱུད་ཀྱི་ཁྲིད་བརྒྱད་ཟེར་ཞིང་། མཚན་གཞི་ནི་ལམ་རྒྱུད་ལེའུ་བཅུ་གསུམ་པ་དང་། འབྲས་རྒྱུད་གཉིས་ནི་སྐུ་བརྒྱད་ཀྱི་རྣམ་བཞག་སྟོན་བྱེད་ཡིན་སྟབས་སྐབས་འདིའི་ཁྲིད་བརྒྱད་ལ་ངོས་འཛིན་ན་འགྲིག་པ་འགྲེལ་བའི་ཐོག་མཐའ་བར་གསུམ་ལ་དཔྱད་གཟིགས་གནང་ན་ཤེས་ནུས། དབང་བྱང་ལས་འབྲས་བུ་རྫོགས་སངས་རྒྱས་པའི་དབང་གི་སྐབས་སུ། “ལམ་དྲུག་གོང་དུ་གསལ་ཁྲིད་བརྒྱད་གང་རུང་ཞིག་ནས་ཁྲིད་ལ། རིག་པའི་ཐིག་ལེ་གསལ་ལ་རང་བཞིན་མེད། །གསང་མཆོག་རིག་པ་ཁུ་བྱུག་ཐུགས་ཉིད་དེ། །འདི་ལ་ཅོག་གིས་བཞག་པས་རིག་པ་རྩེ་གཅིག་ཏུ་འཆར་བས་སྤྲུལ་སྐུའི་ས་ནོན་དེ་ལ་སྒོམས་ཤིག་ཅེས་ངོ་སྤྲོད་བཤད་པ་གཏོང་ངོ་། །”ཞེས་སོགས་ནས་ཡང་དག་དོན་དབང་ལ་གསང་མཆོག་རིགས་བཞིའི་ཐུགས་ཉིད་ངོ་སྤྲོད་ཀྱི་སྐབས་སུ་འབྲས་བུའི་སྐབས་ནས་ཁྲིད་བརྒྱད་གང་རུང་ནས་འཁྲིད་དགོས་པར་གསུངས། གོང་དུ་གསལ་རྒྱུའི་ལམ་དྲུག་ནི་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། ཐབས་དྲུག་གཅིག་ཏུ་བརྩིས་དང་བཞི། ཐར་ལམ་དང་ལྔ། སྨིན་གྲོལ་གཉིས་གཅིག་ཏུ་བརྩིས་དང་དྲུག་ཡིན་ལ་འདི་ལམ་དབང་སྐབས་སུ་བཤད་ཟིན་པས་གོང་དུ་གསལ་ཞེས་བཤད། དེའི་རྗེས་ལ་ལམ་འབྲས་ནས་མཚན་མེད་སྐུ་བཞིའི་སྐོར་འཆད་པའམ། ཡང་ན་འབྲས་རྒྱུད་ནས་མཚན་མེད་སྐུ་བཞིའི་སྐོར་འཆད་དགོས་པའི་དོན་ཡིན།
ད་དུང་སྒོམ་འགྲེལ་ལས། “དེ་ཡང་ལོ་ལྔ་བཅུ་ལ་འབྲས་བུའི་དོན་ལ་གདར་ཐག་བཅད་དེ་བསྒོམས་ནས། སྐུ་བཞི་མངོན་གྱུར་རོལ་པའི་སྤྱོད་པས་འཁོར་རྣམས་ལ་ཞལ་བསྟན་ཏེ། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་བཤད་ནས་ཁྲིད་བརྒྱད་བསྟན་པས། དེ་ཉིད་རྫོགས་མ་ཐག་ཏུ་རྒྱལ་མཁར་བ་ཆོད་ལ་གནས་པའི་སེམས་ཅན་ཐམས་ཅད་མ་ལུས་པར་ལྷག་མ་མེད་པར་ལུས་འཇའ་རུ་ཡལ།”ཞེས་འབྲས་རྒྱུད་བཤད་ནས་ཁྲིད་བརྒྱད་བསྟན་ཞེས་པ་འདི་ལས་འབྲས་རྒྱུད་ནང་ནས་ཁྲིད་བརྒྱད་འབྱུང་བར་གསལ་པོར་བསྟན་ཡོད་དོ། །མདོར་བསྡུས་ཏེ་བཤད་ན་ཁྲིད་བརྒྱད་ནི་སྐུ་བརྒྱད་ལ་ལྟོས་ཏེ་ཕྱེས་པ་ཡིན་སྟབས་ལམ་རྒྱུད་ལེའུ་བཅུ་གསུམ་པ་འདི་ཁྲིད་བརྒྱད་བསྡུས་པ་དང་། རྒྱས་པ་ནི་འབྲས་རྒྱུད་རང་ལ་ངོས་འཛིན་དགོས་སོ། །ཞིབ་ཕྲ་མཁྱེན་པར་འདོད་ན་མ་རྒྱུད་ཁྲིད་ཡིག་ལ་གཟིགས་ན་གསལ་པོར་རྟོགས་ནུས་སོ།། །།
ཚངས་པ་བསྟན་འཛིན་གྱིས་རང་གི་བརྗེད་ཟིན་ལས་ཟུར་དུ་བཏོན་པའོ།། །། ༢༠༡༤།༤།༢༦ཉིན།།