གསང་སྔགས་ཕྱི་རྒྱུད་སྐོར་ལ་དྲི་བ་ལྔ།
དྲི་བ་གནང་མཁན། གནམ་བོན། བཀའ་ལན་གནང་མཁན། ཟྭ་བྷོ་ལོའམ་ཁ་བའི་སྣང་ལེ།
དྲི་བ། དང་པོ། སྔགས་བྱ་རྒྱུད་པའི་རྟོགས་པའི་ལྟ་བ་དག་པ་གསུམ་གྱི་བོན་ཉིད་དེ་དག་པ་ཕྱི་རྫས། ནང་ལྷ། སེམས་ཡེ་ཤེས་གསུམ་གྱིས་དག་ཚུལ་གང་འདྲ་ཡིན་ནམ།
ལན། དག་པ་གསུམ་ནི། ཕྱི་རྫས། ནང་ལྷ། སེམས་ཡེ་ཤེས་སོ།། ཞེས་པ་ནི་མཁས་དབང་སྒ་སྟོན་གྱི་ཐེག་འགྲེལ་ལས་བྱུང་ཞིང་། དེའི་དོན་ནི། རྗེ་བླ་མའི་གསང་སྔགས་མཆན་བཀའ་འགྲེལ་གསལ་བྱེད་ལས། ཕྱི་ཡི་རྫས་རྣམས་རྣམ་པར་དག་པ་གཙང་ཞིང་ཡིད་དུ་འོང་བའི་རང་བཞིན་ཅན་དང་། ནང་བཅུད་ཀྱིས་བསྡུས་པ་རྣམས་ལྷ་དང་ལྷ་མོ་མཚན་བཟང་ཅན་ཤ་སྟག་དང་། སེམས་ཀྱིས་བསྡུས་པའི་ཉོན་མོངས་སོགས་ཡེ་ཤེས་ཀྱི་རང་བཞིན་ཏུ་བསྒོམ་པ་ཞེས་གསུངས་པས་འཐུས་པར་སེམས་ལ། བསྒོམ་པའི་དགོས་པ་ནི་ཕྱི་ཡི་རྫས་རྣམས་ཀྱི་སྨ་སྨེ་ཉམས་གྲིབ་སྦྱང་བ་དང་། ནང་གི་ཕུང་པོ་སྡུག་བསྔལ་གྱི་རང་བཞིན་ཏུ་གནས་པ་སྦྱོང་བ་དང་། སེམས་ཀྱི་ཉོན་མོངས་རྟོག་ཚོགས་རྣམས་དག་པར་སྦྱོང་བ་སྟེ། ཐ་མལ་གྱི་སྣང་ཞེན་རང་ཁ་མ་སྦྱོང་བའི་ཆེད་དང་གཟུགས་སྐུ་འགྲུབ་པའི་ཆེད་དོ།།
ལྷ་བོན་ཁྱབ་པ་སྣང་ལྡན་གྱི་ཐེག་པའི་རབ་དབྱེ་ལས་སྒ་སྟོན་ཐེག་འགྲེལ་དུ་ལུང་དྲངས་པ་ལྟར་ན། ཕྱི་ཡི་རི་མཐོ་བ་དང་། ནང་གི་ཡིད་དང་སེམས། སྦྱང་བྱ་ཞེ་སྡང་ལས་གྱུར་པའི་རྟོགས་ཚོགས་རྣམས་ལྷུན་པོ་བདེ་གསས་ཐུགས་ཀྱི་ལྷ་རུ་དག་པ་ལྟ་བ་དང་། ཕྱི་རི་འཇམ་པ། ནང་གི་ཕུང་ཁམས། སྦྱང་བྱ་གཏི་མུག་གིས་བསྡུས་པ་བཅས་བྱམས་པ་སྐུ་ཡི་ལྷ་རུ་དག་པ་ལྟ་བ་དང་། ཕྱི་ཡི་རི་རྩུབ་པ། ནང་གི་ངག ཉོན་མོངས་འདོད་ཆགས་སོགས་གཡུང་དྲག་གསས་གསུང་གི་ལྷ་རུ་དག་པ་ལྟ་བ་སྟེ། བོན་ཉིད་རྣམ་པར་དག་པའི་གཟུགས་བརྙན་ཆེན་མོ་གསུམ་མོ།།
ཐེག་རིམ་རྩ་བ་ལས། གཏན་ཚིགས་དང་བཅས་དག་པའི་བོན་ཉིད་ལྟ། ཞེས་པའི་དག་པའི་བོན་ཉིད་ཀྱི་དོན་ནི། ༡) དངོས་པོ་ཅི་ཡང་མ་གྲུབ་པ། ༢) རྣམ་པར་རྟོག་པས་དབེན་པ་སྟེ་མ་རིག་པའི་སྐྱེ་མཆེད་ཀྱིས་སྟོང་པ། ༣) ཡང་དག་པའམ་དོན་དམ་པར་དྲི་མ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་འབྱུང་ཡེ་ཤེས་ལ་འཇོག་པ་སོགས་ཞིབ་ཆ་ཅུང་ཞིག་དགོས་སམ་སྙམ།
དྲི་བ། གཉིས་པ། སྔགས་སྤྱོད་རྒྱུད་པའི་རྟོགས་པའི་ལྟ་བ་མཚན་མ་དང་བྲལ་བའི་བོན་ཉིད་དེ་བྱ་རྒྱུད་པའི་ལྟ་བ་དག་པ་གསུམ་གྱི་བོན་ཉིད་ལས་ཁྱད་དུ་འཕགས་སམ།
ལན། བོན་ཉིད་འདི་གཉིས་སེམས་ཉིད་ཐིག་ལེ་ཉག་གཅིག་ཡིན་པ་ལ་ཁྱད་མེད་ཀྱང་། ཐེག་པ་གཉིས་ཀྱི་གོ་ཚོད་ཁྱད་པར་ནི་གནས་ལུགས་ཀྱི་ཁྱད་བོན་ལ། གནས་ལུགས་དེ་ཉིད་རྟོགས་པའི་རླབས་ལས་ཀུན་རྫོབ་ཏུ་ཤར་བའི་ལྷ་སྐུ་རྣམས་ཡང་དག་པར་ཡོད་མེད་ཀྱི་ཁྱད་དོ་སྙམ་ཞིང་། འོན་ཀྱང་འདིའི་ལུགས་ལ་ལྷ་སྐུ་ཡང་དག་ཡོད་ཅེས་པ་ནི་དགག་བྱ་བདེན་གྲུབ་ཏུ་ཡོད་པ་ཟེར་བ་མིན་པ་ཡང་ཤེས་དགོས།
དྲི་བ། གསུམ་པ། སྔགས་ཕྱི་པ་གཉིས་ཀྱི་གཅིག་གིས་ཀུན་རྫོབ་བཏགས་པའི་སྒྱུ་གཟུགས་ཆེན་པོ་བསྒོམ་པ་དང་། གཅིག་གིས་བྱིན་རླབས་རོལ་པའི་མཚན་མ་ལྷ་རུ་སྒོམ་ཚུལ་གཉིས་ཡོད་པ་ལས། གང་བསྒོམ་པའི་ལྷ་སྐུ་དཀྱིལ་འཁོར་དེ་གཞི་ཡི་རོལ་པ་འདོད་མིན་གྱི་ཁྱད་ཡིན་ནམ། ཡང་ན་དེ་ལས་གཞན་པའི་ཁྱད་ཡོད།
ལན། གཞི་ཡི་རོལ་པ་འདོད་མིན་གྱི་ཁྱད་ཡིན་ཟེར་ནའང་ཆོག་མོད། ཞིབ་ཆ་དགོས་པ་ནི་འདིའི་རོལ་པ་ཞེས་པ་ནི་སྔགས་གོང་མའི་གཞི་ཡི་རོལ་པར་འདོད་ཚུལ་དང་མི་འདྲ་ལ། བྱ་རྒྱུད་ལྟར་ལྷ་སྐུ་རྣམས་གནས་ལུགས་ཀྱི་བདག་ཉིད་ཡིན་ཙམ་ལ་མི་འཇོག་པ་སྣོད་བཅུད་ཐམས་ཅད་སྟོང་པ་གནས་ལུགས་ཀྱི་རང་བཞིན་ཏུ་རྟོགས་པའི་བྱིན་རླབས་སམ་ནུས་པ་ལས་སྣང་བ་ལྷ་སྐུའི་རང་བཞིན་ཏུ་ཤར་བ་འདོད་པ་དེའོ།།
དྲི་བ། བཞི་པ། བསྒོམ་པ་ཁྱད་འདོན་སྐབས་སུ་དེས་དོན་དམ་ཀུན་རྫོབ་ཙམ་དུ་ལྷ་བསྒོམ་སྟེ། འདིས་གཡུང་དྲུང་སྐྱེ་མཆེད་ཆེན་པོ་ལྔ་བསྒོམ་པའོ།། ཞེས་བྱ་རྒྱུད་པས་གཡུང་དྲུང་སྐྱེ་མཆེད་ཆེན་པོ་རྣམ་ལྔ་སྒོམ་པ་མེད་ཚུལ་གསུངས་འདུག རེད་དེ་བྱ་རྒྱུད་པས་གདན་དང་ཡིག་འབྲུ། ཕྱག་མཚན་དང་ལྷ་སྐུ། རྒྱན་བཅས་རིམ་པར་བསྒོམ་རྒྱུ་ཡོད་ཀྱང་གཡུང་དྲུང་སྐྱེ་མཆེད་ཆེན་པོ་རྣམ་ལྔ་མ་སྒོམ་པའི་རྒྱུ་མཚན་གང་ཡིན་ནམ། ད་དུང་དོན་དམ་དང་ཀུན་རྫོབ་ཙམ་དུ་ལྷ་སྒོམ་ཞེས་པའི་དོན་གང་རེད།
ལན། སྐབས་འདིའི་གཡུང་དྲུང་གི་སྐྱེ་མཆེད་ཅེས་པ་དང་། གནས་ལུགས་ཀྱི་བྱིན་རླབས་སམ་རོལ་པ་བལྟ་ཞེས་པ་རྣམས་གནད་གཅིག་ཏུ་སེམས་ལ། འོག་མར་གདན་དང་ཡིག་འབྲུ་སོགས་བསྒོམས་ཀྱང་། དེ་ཉིད་གཡུང་དྲུང་གི་སྐྱེ་མཆེད་དམ་བྱིན་རླབས་རོལ་པར་མི་འདོད་པས་ཁྱད་ཆེ་སྙམ། དེས་དོན་དམ་དང་ཀུན་རྫོབ་ཙམ་དུ་བསྒོམ་ཞེས་པ་ནི། བྱ་རྒྱུད་པས་དོན་དམ་པར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བསྒོམ་ལ། ཀུན་རྫོབ་ཏུ་ཀུན་སྣང་རྒྱུ་ཡི་ཏིང་ངེ་འཛིན་གྱིས་ལྷ་སྐུ་མཚན་མ་དང་བཅས་པ་བསྒོམ། དོན་དམ་པར་ལྷ་སྐུ་མ་གྲུབ་ཅིང་འགྲོ་བའི་སྣང་ངོར་གཟུགས་སྐུ་འགྲུབ་པ་དང་ཐ་མལ་གྱི་སྣང་ཞེན་སྦྱོང་བའི་ཆེད་དུ་ཀུན་རྫོབ་ཏུ་སྟོང་པའི་བདག་ཉིད་ཀྱི་ལྷ་སྐུ་བསྒོམ་ཞེས་པའི་དོན་ནོ།། མདོར་ན་ལྷ་སྐུ་དེ་སྟོང་པའི་བདག་ཉིད་ཡིན་པར་ཕར་བསྒོམ་པ་དང་། དེ་ཉིད་གནས་ལུགས་རྟོགས་པའི་བྱིན་རླབས་ལས་སྟོང་པའི་གཟུགས་བརྙན་དུ་ཚུར་སྣང་བ་གཉིས་ལ་ཁྱད་ཅུང་ཞིག་ཡོད་པར་འདོད།
དྲི་བ། ལྔ་པ། འབྲས་བུ་ཁྱད་འདོན་པའི་སྐབས་སུ་དེས་ས་བཞི་པ་ལས་མ་ནོན་ལ། འདིས་ས་ལྔ་པ་ནས་བཅུ་གཉིས་པ་མན་ཆད་ནོན་པའོ།། ཞེས་གསུངས་པ་དེ་བྱ་རྒྱུད་པས་བདེ་བར་གཤེགས་པའི་ས་བཞི་ནོན་པ་སྤྱོད་རྒྱུད་པས་གསུངས་པ་ཡིན་ནམ། སྤྱོད་རྒྱུད་པའི་ལུགས་ལ་བདེ་བར་གཤེགས་པའི་ས་བཅུ་གཉིས་དེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང་། དེ་སངས་རྒྱས་ཀྱི་ས་ཡིན་པ་ཁས་མི་ལེན་ནམ། ལེན་ན་བྱ་རྒྱུད་པས་བདེ་བར་གཤེགས་པའི་ས་བཞི་ནོན་ཡོད་རེད་གསུང་མཁན་དེ་སྤྱོད་རྒྱུད་པ་མ་ཡིན་ནམ། མ་ཡིན་ན་བྱ་རྒྱུད་པ་ཁོང་གིས་ངས་ས་བཞི་མ་གཏོགས་ནོན་མེད་ནི་མ་གསུངས། དེ་གཞན་སུས་གསུང་བ་ཡིན་ནམ།
ལན། ས་བཞི་པ་མན་ཆད་ནོན་ཞེས་སོགས་ཀྱི་མན་ཆད་ཅེས་པ་དེ་ནི་ཐེག་རིམ་རང་ལུགས་ཀྱི་བཤད་པ་ཡིན། ཐེག་ཆེན་རྣམས་རང་རང་ལུགས་ལ་རང་གི་ཐོབ་བྱ་མཐར་ཐུག་དེ་སངས་རྒྱས་སུ་འདོད་ཀྱང་། ཐེག་རིམ་རང་ལུགས་མཐར་ཐུག་ཡང་རྩེར་བླ་མེད་དུ་འདོད་པ་ལྟར་ན་འོག་མའི་ཐོབ་བྱ་དེ་དག་ནི་སངས་རྒྱས་ཙམ་ལས་མཐར་ཐུག་པ་མ་ཡིན་ནོ་ཞེས་པའི་དོན་དུའོ།།
ཐེག་རིམ་རང་ལུགས་ལ་སངས་རྒྱས་ཀྱི་ས་བཅོ་ལྔ་རྣམས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཚུལ་ལམ། མདོར་ན་སྤངས་རྟོགས་མཐར་ཐུག་ཙམ་ལ་ཁྱད་མེད་ཀྱང་། རྒྱུ་ལམ་ལ་ཐབས་ཟབ་ལོད་ཀྱིས་འབྲས་བུའི་ཕྲིན་ལས་ལ་རྒྱ་ཆེ་ཆུང་དུ་འབྱུང་ཆོག་པ་དང་། དེ་ལྟར་སངས་རྒྱས་ཀྱི་ས་འོག་མ་རྣམས་གཅིག་པུ་ཐོབ་པ་ཡིན་ན་ཐེག་རིམ་རང་ལུགས་ཀྱི་མཐར་ཐུག་གི་སངས་རྒྱས་སུ་མི་འདོད་དོ་སྙམ་མོ།། །།
དབྱེར་མེད་གཡུང་དྲུང་ཐིག་ལེའི་ས་ཆེན་མཆོག །མ་ཐོབ་བར་དུ་རང་ལུགས་མཐར་ཐུག་མིན། །སྤངས་རྟོགས་མཐར་ཐུག་ཙམ་ཞིག་ཐོབ་པ་ནི། །ཐུགས་སེམས་ནས་བཟུང་ཤིན་ལྡན་བར་དུ་ཡོད། །
ཁྱེད་ཀྱི་ཐུགས་འདོད་ཚིམས་པའི་ལན་ཞིག་འབུལ་མི་ཐུབ་མོད། བསམ་ཚུལ་ཙམ་ཞིག་དྲ་མིང་ཁ་བའི་སྣང་ལེ་པས་ཁྱུང་པོ་སྟེང་ཆེན་དགོན་ནས་ཤར་མར་བྲིས་ཏེ་ཕུལ། ༢༠༡༩/༡༠/༧།