གསང་སྔགས་དབང་བཞིའི་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། རླུང་འོད།
དྲི་བ། རྫུ་འཕྲུལ་དྲྭ་བ་ལས། དབང་གི་བསྡུས་དོན་རྣམ་པ་གསུམ། །ཕྱི་དབང་ནང་དབང་གསང་བའི་དབང་། །འདུས་པའི་འཁོར་རྣམས་ཀུན་ལ་བཤད། །དབང་གི་ཆུ་གཞུང་ཆེན་པོ་བཞི། ཞེས་པའི་སྐབས་ལ་བསྟན་པའི་དབང་བཞི་དེ་རིམ་པ་བཞིན་དུ་ཐོབ་དགོས་སམ། རིམ་པ་བཞིན་དུ་ཐོབ་དགོས་ན་དང་པོ་ཕྱི་དབང་དང་། གཉིས་པ་ནང་དབང་། གསུམ་པ་གསང་དབང་། བཞི་པ་མཐར་ཐུགས་ཀྱི་དབང་གོ་རིམ་དེ་ལྟར་འགྲོ་དགོས་ཡོད་དམ། ཕྱི་དབང་དང་། ནང་དབང་། གསང་དབང་། ཡང་གསང་གི་དབང་ཐོབ་མ་ཐོབ་ཚད་ལུང་རིག་དང་འབྲེལ་བའི་ཐོག་ནས་མཁྱེན་ལྡན་རྣམས་ཀྱི་ཁ་གསལ་གོ་བདེ་ཞིག་གསུང་རོགས།
ལན། གསང་སྔགས་དབང་བཞིའི་སྐོར་འགྲོ་མགོན་རིན་པོ་ཆེའི་བསེན་ཐུབ་འགྲེལ་དང་། སྨྲ་དབང་ཡོངས་འཛིན་ཆེན་མོའི་གསང་སྔགས་བཀའ་འགྲེལ་དང་གསང་སྔགས་དབང་བཞིའི་སྐོར་ལ་གཟིགས་དགོས།
དེའང་(རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་)ལས། “ ཕྱི་དབང་ཐོབ་ནས་སྣང་བ་ལ་ཞེན་པ་ཟློག་སྟེ་སྣོད་བཅུད་ལྷ་དང་གཞལ་ཡས་སུ་གོམས་པར་བྱ། ནང་དབང་ཐོབ་ནས་ཕུང་པོར་འཛིན་པ་ཟློག་ལ་ལྷ་སྐུ་ཡེ་ཤེས་སུ་ཉམས་སུ་བླང་། གསང་དབང་ཐོབ་ནས་འགྱུ་བ་རང་སངས་སུ་བཀྲོལ་ལ་རྟོག་མེད་ཡེ་ཤེས་སུ་རྒྱུད་ལ་བརྟེན། ཡང་གསང་གི་དབང་ཐོབ་ནས་རིག་པ་བོན་ཉིད་དུ་རྟོགས་པར་བྱའོ། །” ཞེས་གསུངས་པས་དབང་བཞི་དེ་རྣམས་གོ་རིམ་བཞིན་དུ་འཐོབ་དགོས་པ་དང་། དེ་དག་གི་ངོ་བོ་ནི། ཡོངས་འཛིན་ཆེན་མོའི་བཀའ་གྲེལ་དུ་བསེན་ཐུབ་འགྲེལ་ལས་ལུང་དྲངས་པ།
དེ་ཉིད་ལས། “འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས། ཕྱི་ནང་གསང་བ་ཡང་གསང་དང་བཞིའོ། །དེ་བཞིར་དབྱེ་བའི་རྒྱུ་མཚན་ནི། མཚན་མའི་རྫས་ལ་བརྟེན་ནས་བྱིན་གྱིས་བརླབས་པས་ཕྱི་དང་། ཕུང་པོ་སྐུ་དང་ཡེ་ཤེས་སུ་བསྒྱུར་བས་ནང་དང། གཟུང་འཛིན་དམིགས་མེད་དུ་འཇོག་པས་གསང་བ་དང་། བོན་ཉིད་སེམས་ཉིད་དུ་སྟོན་པས་ཡང་གསང་དང་བཞིར་ཕྱེའོ། །དེ་ཉིད་ལས། དབང་གི་ངོ་བོ་ནི། ཐུགས་རྗེ་ནུས་པའི་རྟེན་འབྲེལ་གྱིས་བྱིན་གྱིས་རློབ་ཅིང་རྒྱུད་ལ་སྨིན་པར་བྱེད་པ་ཡིན་ལ་ཞེས་དང། ཕྱི་དབང་གི་ངོ་བོ་ནི། ཐུགས་རྗེ་ནུས་པའི་རྟེན་འབྲེལ་གྱིས་རྫས་བྱིན་གྱིས་བརླབས་ནས་བསྐུར་བས་སློབ་མ་ལ་བྱིན་རླབས་སུ་འཆར་བས་ནའོ། །ཞེས་དང། གཉིས་པའི་ངོ་བོ་ནི། ཐུགས་རྗེ་ནུས་པའི་རྟེན་འབྲེལ་གྱིས་ཕུང་པོ་ལྷ་དང་ཡེ་ཤེས་སུ་སྨིན་པ་ཡིན་ལ། ཞེས་དང་། གསུམ་པའི་ངོ་བོ་ནི། ཐུགས་རྗེ་ནུས་པའི་རྟེན་འབྲེལ་གྱིས་འགྱུར་བ་རང་རིག་ཏུ་སྨིན་པ་ཡིན་ལ། ཞེས་དང་། བཞི་པའི་ངོ་བོ་ནི། ཐུགས་རྗེ་ནུས་པའི་རྟེན་འབྲེལ་གྱིས་རིག་པ་བོན་ཉིད་དུ་རྟོགས་ཤིང་སྨིན་པ་ཡིན་ལ། །” ཞེས་ཞལ་གསལ་གསུངས་པ་དང་།
དེ་དག་གང་ནས་ཐོབ་པའི་ས་འཚམས་ནི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས། “གཉིས་པ་ལ་ཕྱི་དབང་ཐོབ་པས་སྒྲིབ་པ་རགས་པ་མགོ་གནོན་བསྐྱེད་རིམ་ལ་དབང་ཐོབ། མོས་སྤྱོད་ཀྱི་ས་ནོན། ནང་དབང་གི་ཐོབ་པས་ལུས་ངག་གི་སྒྲིབ་པ་སྦྱང། བསྐྱེད་རྫོགས་ཟུང་འཇུག་ཏུ་དབང་ཐོབ། ས་དང་པོ་ནོན། གསང་དབང་ཐོབ་པས་ཡིད་ཀྱི་སྒྲིབ་པ་བྱང་། ཟག་མེད་བདེ་བའི་དབང་ཐོབ་ས་བཅུ་པ་ནོན། ཡང་གསང་གི་དབང་ཐོབ་པས་སྒྲིབ་པ་ལྷན་སྐྱེས་ཕྲ་བ་ཡང་རྩད་ཆོད། སྐུ་དང་ཡེ་ཤེས་ཀྱི་དབང་ཐོབ་བོན་ཉིད་བདེ་ཆེན་གྱི་ས་ནོན་ནོ། །” ཞེས་གསུངས་སོ། །
དེ་ལྟར་གསང་སྔགས་ཀྱི་དབང་ཐོབ་མཁན་རྣམས་ལམ་ཞུགས་ཀྱི་སྐྱེས་བུ་ཤ་སྟག་ཡིན་དགོས་ན་སོ་སྐྱེ་ཐ་མལ་བས་གསང་སྔགས་ཀྱི་དབང་ཐོབ་མི་ཐུབ་བམ་སྙམ་ན། དེའི་དོན་ལ་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས། “འོ་ན་ད་ལྟ་རྟེན་འགའ་ཞིག་གིས་དབང་ཐོབ་པ་ལ། ཡོན་ཏན་དེ་མེད་པས་སོ་སྙམ་ན་མ་ཡིན་ཏེ། དབང་སྒོར་ཞུགས་པའི་རྟེན་འབྲེལ་ཐོབ་པ་ཙམ་ཡིན་གྱིས་དབང་དོན་ཡོངས་སུ་རྫོགས་པ་ལ་ནི་ཇི་ལྟར་གནས་པའི་ཡོན་ཏན་ཐོབ་པ་སྟེ་བླ་ཆེན་གྱི་གཏམ་རྒྱུད་བཞིན་ནོ། །” ཞེས་གསུངས་སོ། །དེས་ན་སྐྱེ་བོ་ཕལ་པས་གསང་སྔགས་ཀྱི་དབང་ཞུས་ན་དབང་དོན་ཡོངས་སུ་རྫོགས་པ་ནི་ཐོབ་པར་དཀའ་ཡང་དབང་སྒོར་ཞུགས་པ་ཙམ་གྱིས་རྟེན་འབྲེལ་དང་དགེ་བའི་ཡོན་ཏན་དཔག་མེད་འབྱུང་བ་ནི་གདོན་མི་ཟ་བ་ཡིན་འདུག་གོ། །།