གས་སྲས་རྨ་ལོ་དང་གཡུ་ལོ་གཉིས་ཇི་ལྟར་བྱོན་ཚུལ།
མཛད་པ་པོ། སྟོན་པ་ཐུགས་རྗེ་ཅན།
མདོ་གཟེར་མིག་གཤེན་རབ་ཀྱི་སྐུ་སྐྱེ་བ་བཞེས་པའི་ལེའུ་ལས། “དེ་ནས་ཡུམ་མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་བཞད་མས། སྲས་གཤེན་རབ་ལ་གསོལ་པ། གནས་མཆོག་དམ་པ་འོལ་མོ་ལུང་རིངས་སུ། བདག་ཅག་འདུས་པའི་འཁོར་བའི་སེམས་ཅན་རྣམས། གཅིག་ཀྱང་མ་ལུས་ནང་པར་འཚངས་རྒྱ་ན། རྒྱལ་བུ་གཅིག་པུར་སུ་དང་བཞུགས་པ་ལགས། གྲོང་ཁྱེར་ལང་ལིང་གནས་མཆོག་དམ་པ་ན།
རྒྱལ་པོ་ས་ལ་བཞུགས་པའི་སྤྱན་ལམ་དུ། བུ་གཅིག་དོ་མོད་གཤེགས་ན་མི་རུང་ངམ། སླར་ཡུམ་ལ་སྲས་ཀྱིས་གསོལ་པ། ལུས་སེམས་སྨིན་པར་བྱེད་པའི་མ་ཅིག་ཇོ་མོ་ལགས། ཐུགས་ཆུང་མི་འཚལ་འཇིག་རྟེན་མི་སྟོང་ངེས། དཔེར་ན་ཆབ་ཀྱི་སྙིང་པོ་ལན་ཚྭའི་མཚོ་དང་འདྲ། སྔ་མ་བྱང་ཡང་ཕྱི་མ་ཁད་ཀྱིས་ཆགས། དེ་དང་འདྲ་སྟེ་ད་ལྟའི་ཁྲོམ་ཚོགས་འདི། ནང་པར་ཐར་ནས་ཡུལ་ཁམས་འདི་སྟོངས་ཀྱང༌། གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་ནི། ཉན་པ་གཏིབས་ཀྱིས་སྤྲིན་ཚོགས་བཞིན་དུ་དགོང་ཁ་མཆིས། མ་ཅིག་ཐུགས་ལ་འཕྲེང་ན་རོགས་པོ་གཉིས་སྤྲུལ་སྐད། ཐུགས་ལས་སྤྲུལ་པའི་གསས་བུ་རྨ་ལོ་སྐྱིན་གྱི་རལ་ག་ཅན་དང༌། གསུང་ལས་སྤྲུལ་པའི་གསས་བུ་གཡུ་ལོ་གཡུའི་ལན་ཕྲན་ཅན་དང་གཉིས་སུ་སྤྲུལ་ཏེ། གཡུང་དྲུང་གི་གདན་སྟེང་ན། ཐབས་ཅིག་ཏུ་བཞུགས་ཏེ། ཡབ་ཡུམ་ལ་གསོལ་པ། བདག་ནི་དགུང་ལོ་གསུམ་ལོན་ནས། ཡབ་དང་མཐུན་པའི་རྗེས་སུ་གྲོང་ཁྱེར་ལང་ལིང་ལ་སྐུ་འཆག་ནས། རྒྱ་མཚོ་ལ་ཁྲུས་བགྱིད་ཅིང༌། རྒྱལ་པོ་ས་ལ་ལ་ཞེ་ས་འབུལ་དུ་སྡོད་མཆིའོ། །དེ་སྐད་ཅེས་ཞུས་སམ་གསོལ་པས། ཡུམ་ཡང་ཤིན་ཏུ་ཐུགས་དགྱེས་སོ། །” ཞེས་གསུངས་སོ།། །།