གཤེན་རབ་མི་བོའི་འཁྲུངས་གཞིས་སྟོད་ཁྱུང་ལུང་དངུལ་མཁར་ཕྱོགས་སུ་ཡིན་ནམ།
དྲི་བ། སྟོན་པ་གཤེན་རབ་འཁྲུངས་ཡུལ་འོལ་མོ་ལུང་རིང་དེ་སྟོད་ཞང་ཞུང་གངས་རིའི་རྒྱུད་ལ་ངོས་འཛིན་དགོས་སམ། ཡང་ན་འོལ་མོ་ལུང་རིང་དེ་ང་ཚོའི་མཐོང་ཡུལ་དུ་མེད་པའི་ཞིང་ཁམས་ཞིག་ལ་ངོས་འཛིན་དགོས།
བཀའ་དྲི་གནང་མཁན། དུང་སེམས་ལྷད་མེད། བཀའ་ལན་གནང་མཁན། ཞང་ཚུལ་མི།
གཤེན་རབ་མི་བོའི་འཁྲུངས་ཡུལ་མཛུབ་ཁྲིད་བྱས་པ།
ལན། ལར་ལོ་ན་སྟོང་ཕྲག་ཕྱིན་ཟིན་པའི་གནའ་བོའི་མི་སྣ་ཞིག་ཡིན་ན་དེའི་འཁྲུངས་ཡུལ་དང་དུས་ཚིགས་སོགས་མི་མཐུན་པ་དང་གཅིག་གྱུར་མིན་པའི་གླེང་སྲོལ་ནི་ལོ་རྒྱུས་ཀྱི་ཁྱད་གཤིས་ལྟ་བུར་གྱུར། དེ་དང་ལྷན་དུ་གཏམ་རྒྱུད་དང་འུར་བཤད་མང་པོ་བྱུང་བ་ནི་གདོད་མའི་མི་རིགས་ཀྱི་སེམས་ཁམས་དང་མཐུན་པའི་གླེང་སྒྲོས་ཤིག་རེད། སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་ཚེའི་མཛད་པ་དང་དུས་ཚིགས་སོགས་དེ་ལས་མ་འདས་པའི་ངང་ནས་བྱུང་ཡོད་མོད། འོན་ཀྱང་རང་རེའི་བཀའ་བརྟེན་དག་གི་དགོངས་དོན་ཞིབ་པར་གསེད་དཀྲོལ་བྱས་ན་སྟོན་པ་གང་དུ་འཁྲུངས་མིན་དཔྱད་པ་མང་པོ་མི་དགོས་པ་བདེ་བླག་ངང་ནས་རྟོགས་ནུས་རུང་། དཔེ་ཀློག་ཀྱི་ཡི་ག་འགག་པའི་མང་ཚོགས་ཕལ་ཆེར་སྔར་སྲོལ་གཏམ་རྒྱུད་ཀྱི་རྒྱ་ལས་མ་ཐར་ནས་སྟོན་པ་མཆོག་ཡུལ་གང་དུ་འཁྲུངས་མིན་ཡིད་ངོར་ཤར་རྒྱུ་མེད་ལ། དགོན་གྱི་གྲྭ་བཙུན་སློབ་གཉེར་བ་དང་དགེ་བཤེས་སོགས་བོན་གྱི་མཐོ་རིམ་ཆོས་བྱེད་མི་སྣ་མང་པོའི་ཁྲོད་དུ་སྟོན་པའི་འཁྲུངས་གཞིས་ནི་འཇི་རྟེན་འདི་ནས་མཐོང་མི་ཐུབ་པའི་དག་ཞིང་ཞིག་ཏུ་རློམ་བཞིན་སྡོད་མཁན་ཧ་ཅང་མང་པོ་ཡོད། དེའི་གནད་དོན་གཙོ་བོ་མཛད་མདོ་ཁག་ནས་ཞིང་དག་པའི་སྦྱོར་བ་ལ་གོམས་པ་རྫོགས་པའི་གཡུང་དྲུང་སེམས་དཔའི་སྣང་ཚུལ་མང་པོ་ཞིག་སྟོན་པའི་རྣམ་ཐར་ཁྲོད་དུ་བཀོད་ཡོད་སྟབས། དེ་ཉིད་ལོ་རྒྱུས་དངོས་དང་མཉམ་བསྲེས་བྱས་ཏེ་འོལ་གླིང་ངོས་འཛིན་བྱེད་དུ་མེད་པའི་ཚོད་དུ་བསྐྱལ་བ་ནི་ཕན་པ་ལས་ཀྱང་གནོད་པ་ཆེ་བར་མཐོང་། སྤྱིར་དེ་སྔོན་སྟོན་པའི་འཁྲུངས་ཡུལ་ཐད་གནད་ལ་ཁེལ་མིན་མ་ལྟོས་པར་གངས་ཏི་སེའི་ཉེ་སྐོར་ཡིན་ཚུལ་གླེང་མཁན་མང་པོ་བྱུང་མོད། གནད་ལ་ཁེལ་ཞིང་ཡུལ་དངོས་དང་ཁ་ཐག་ཉེ་བར་གྱུར་པ་ཧ་ཅང་དཀོན་ཚད་དུ་གྱུར་ཡོད། དེས་ན་ད་ལན་བོན་དྲིས་ལན་ར་བ་ནས་སྔ་ཕྱིར་མཆེེད་གྲོགས་མང་པོས་སྟོན་པའི་འཁྲུངས་ཡུལ་དང་འབྲེལ་བའི་དྲི་བ་ལན་མང་པོ་བྱུང་བར་བརྟེན་འདི་ནས་སྟབས་བཅིག་ཏུ་ཚིག་ཉུང་དོན་གསལ་ཞིག་ཞུ་བར་སྤྲོ།
བོན་གྱི་དཔེ་ཆ་ནས་འོལ་གླིང་ཇི་ལྟར་ངོས་འཛིན་བྱས་ཡོད་སྐོར།
སྟོན་པ་གཤེན་རབ་མི་བོ་ཆེ་མངའ་རིས་གངས་ཏི་སེའི་འདབས་སུ་འཁྲུངས་པར་བཤད་པ་འདི། འདོད་དབང་གིས་བྱུང་རྒྱལ་དུ་བསྙད་པ་ཞིག་གཏན་ནས་མིན་པ་བོན་གཞུང་ཕལ་མོ་ཆེའི་དགོངས་དོན་འདི་ལས་འཛོལ་མེད་པ་ནི་ཁྱེད་ཚོས་གཤམ་ནས་རིམ་བཞིན་མཁྱེན་ཡོང་བ་ཡིན། མཛད་མདོ་གཟེར་མིག་ནས་གཤེན་རབ་བོད་དུ་ཕེབས་དུས་ཆུ་བོ་བཞི་འདུས་ཀྱི་ཕར་ནང་ནས་ཕེབས་ཡོང་སྐོར་གླེང་ཡོད་རུང་། དེ་ཉིད་ལས་“བྱང་ཕྱོགས་གེ་སར་ཕྲོམ་གྱི་ཡུལ།” ཞེས། ཡུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ཕྲོམ་གེ་སར་ཞེས་པ་དེ་འོལ་གླིང་གི་བྱང་དུ་ཡོད་ཚུལ་གླེང་བ་ནི། བསྒྲགས་པ་རིན་ཆེན་གླིང་གྲགས་ནས་དབུས་མངའ་རིས་གངས་ཏི་སེ་བྱས་ཏེ། དེའི་ཤར་ལྷོ་ནུབ་བྱང་གི་རྒྱལ་ཁབ་ཁག་གི་གནས་ཡུལ་གླེང་པ་དང་ཁྱད་པར་ཟུར་ཙམ་སོང་མི་འདུག དེས་ན་དོན་ཐོག་གཟེར་མིག་གི་དགོངས་དོན་གང་དུ་བབ་མིན་ནི་ང་ཚོས་ཤེས་ཟིན་པ་ཡིན། གལ་སྲིད་འོལ་གླིང་ནི་མངའ་རིས་གངས་ཏི་སེའི་ནུབ་ཕྱོགས་སུ་དཔག་ཚག་སྟོང་ཕྲག་མང་པོའི་གནས་སུ་ཡོད་ན་ཕྲོམ་དང་གེ་སར་ནི་དེའི་བྱང་ཕྱོགས་སུ་འགྱུར་དོན་ལར་ནས་མེད། མདོ་འདུས་ནས་ཀྱང་དེ་དང་མཚུངས་པ་”ཤར་ཕྱོགས་རྒྱ་ཡི་ཡུལ། བྱང་ཕྱོགས་ཕྲོམ་གྱི་ཡུལ། བྱང་ཤར་ཧོར་གྱི་ཡུལ། ལྷོ་ཕྱོགས་མོན་གྱི་ཡུལ།” ཞེས། འོལ་གླིང་གི་བྱང་ཕྱོགས་སུ་ཕྲོམ་དང་། ལྷོ་ཕྱོགས་མོན་བཤད་པས་གནས་དུས་མངའ་རིས་གངས་ཏི་སེའི་ཕྱོགས་བཞི་ལས་འགྱུར་བ་གཏན་ནས་མ་སོང་། སྐབས་འདིའི་མོན་ཡུལ་ཞེས་པ་ནི་དུས་འཁོར་གསུང་སའི་མོན་ཡུལ་སུམ་སྟོད་ཅེས་པའི་ས་གནས་དང་གཅིག་པར་མངོན། ས་གནས་དེ་དེང་སྐབས་བལ་པོའི་ཁོངས་གཏོགས་མོན་རི་ཟུར་གསུམ་ཞེས་པའི་ཕྱོགས་སུ་ངོས་འཛིན་དགོས། གོང་གསལ་མཛད་མདོ་ཁག་ནས་སྟོན་པ་བོད་དུ་ཕེབས་པར་བཤད་པ་འདི་ལ་ཅུང་ཟད་དཔྱད་དགོས་རྒྱུ་ཞིག་ཡོད་དེ། མཛད་མདོ་སྔ་ཤོས་མདོ་འདུས་ནས་སྟོན་པ་ཀོང་ཡུལ་དུ་ཕེབས་ནས་སླར་གངས་རིན་པོ་ཆེ་ལ་ཕྱིར་ཕེབས་བྱས་སྐོར་ཙམ་ལས། ཏི་སེའི་རྒྱབ་ལོག་ཐག་རིང་ཞིག་ནས་བྱོན་ཡོང་སྐོར་འཁོད་མེད་ལ་ཕར་ཡང་དེ་བཞིན་ཡུལ་གྲུ་མང་པོ་བརྒྱུད་ནས་ཕེབས་སོང་བའི་ལོ་རྒྱུས་མི་འདུག སྐབས་དེར་སྟོན་པས་ཁྱུང་ལུང་དངུལ་མཁར་བཞེངས་སྐོར་གསལ་བ་འདི་ཚོས་ཀྱང་གནས་དེ་སྟོན་པའི་འཁྲུངས་གཞིས་དང་འབྲེལ་བ་ཟབ་པོ་ཡོད་པ་གསལ་བཤད་བྱེད་ཐུབ་སྙམ།
གཟེར་མིག་ནས་དེ་ལ་ཅུང་ཟད་སྤྲོས་ཏེ་ཏི་སེའི་རྒྱལ་ལོག་མེ་འབར་བྲག་ཞེས་པ་ནས་ཕེབས་ཡོང་སྐོར་གསལ་བ་ཙམ་ལས་ཧ་ཅང་ས་ཚུགས་རྡོ་གནས་མང་པོ་གླེང་མེད། གཟི་བརྗིད་ནས་དེ་ལ་ལྡབ་འགྱུར་ཙམ་གྱི་ས་གནས་དང་ཡུལ་གྲུའི་མང་པོའི་མིང་སྨྲོས་ཏེ་བཤད་པ་ནི་དུས་རབས་རིམ་བྱུང་གི་ཁྲོད་དུ་རྒྱས་སྤྲོས་རྐྱང་བ་བྱེད་པའི་རྣམ་པ་གསལ་པོ་དོད་ཡོད། མ་ཟད་གཟི་བརྗིད་ནས་སྟོན་པ་བོད་དུ་ཕེབས་སྐོར་གྱི་ས་ཚིག་རྡོ་གནས་རིམ་བཞིན་དེད་ན་དེང་སྐབས་ཡོ་རོབ་ས་སྣེ་དང་ཐག་ཉེ་བར་སླེབས་པ་དང་། མཚམས་དེ་ནས་ཞིང་ཁམས་ཤིག་དང་སྦྲེལ་ནས་ཡོད་ཚུལ་བསྙད་པ་ནི་དངོས་དོན་བདེན་འཚོལ་དུ་ཅིས་ཀྱང་ཡང་ཐབས་དཀའ་བས་སོ། །ང་ཚོས་དད་པ་ལོ་རྒྱུས་སོ་སོར་བཞག་སྟེ་བཤད་ན་ཐུབ་བསྟན་བོད་དུ་དར་རྗེས་ཁོ་པས་གླེང་པའི་ཤམ་བྷ་ལའི་ཞིང་ཁམས་གནས་ཡུལ་གྱི་ཤན་ཞུགས་ཐེབས་པ་ནི་གསལ་བཤད་བྱེད་ཐུབ། དེའང་བན་དེ་ཚོས་ཁོ་པའི་རིག་གནས་ཆོས་ལུགས་ཤམ་བྷ་ལ་དང་། ཨོ་རྒྱན། འཕགས་ཡུལ་ཟེར་བའི་ཡུལ་གྲུ་ཁྱད་པར་ཅན་ནས་བསྒྱུར་སྤེལ་དུ་སྦྲག་ཅིང་། བོད་རང་ཡུལ་ནས་ཡིན་ན་དེ་ལ་མཐོང་ཆུང་བྱེད་པ་དང་རིན་ཐང་མེད་པར་ལྟ་བ་སོགས་བྱས་ཏེ། ཐ་ན་བོད་རང་གིས་བརྩམས་པའི་བསྟན་བཅོས་ཀྱང་རྒྱ་གར་མཁས་པས་བརྩམས་ཚུལ་གླེང་ནས་ཡུལ་གྲུ་གཞན་ལ་མཐོང་ཆེན་བྱེད་དྲགས་པས། བོན་པོ་རང་གི་འདོད་ཚུལ་རང་ཚུགས་མ་ཐུབ་ནས་ཁོ་པ་གཞན་རྗེས་སུ་སྙིགས་པར་རྣམ་པ་གསལ་པོར་གྱུར་སྙམ།
དྭགས་པོ་དྲན་པ་ནམ་མཁའི་བསྒྲགས་བྱང་ནས་ཏི་སེ་གངས་སྐོར་ནི་འཛམ་གླིང་གི་ལྟེ་བ་ཡུལ་དབུས་ཡིན་པ་དང་། དེ་ཉིད་སྟོན་པ་མཆོག་གིས་བོན་གསུངས་སའི་ས་གནས་ཁྱད་པར་ཅན་ཡིན་སྐོར་ཞིབ་པར་གསལ་བ་མ་ཟད་དབྱར་དགུན་སོ་སོར་སྟོན་པའི་བཞུགས་གནས་ཀྱང་མི་འདྲ་བ་བཤད་ཡོད། དེ་ལས་གཞན་པའི་ཏི་སེའི་རྒྱབ་ལོག་ཏུ་ཐག་རིང་ཞིག་ཏུ་འོལ་གླིང་ཞེས་པའི་ས་གནས་གལ་ཆེན་ཞིག་གླེང་མེད། ཞང་ཞུང་དྲན་པའི་མཛོད་སྒྲ་འགྲེལ་ནས་སྲིད་པའི་མཛོད་ཕུགས་གསུངས་པའི་གནས་ནི་ཏི་སེ་གངས་ཀྱི་ལྷོ་ཤར་དུ་ཡོད་པའི་འོད་ཀྱི་ལྷ་རི་སྤོ་མཐོན་ཡིན་ཚུལ་གསལ། ཏི་སེའི་གངས་ཀྱི་ལྷོ་ཤར་འོད་ཀྱི་ལྷ་རི་སྤོ་མཐོན་ནི་མ་པང་གཡུ་མཚོའི་རྒྱབ་ལོག་དེང་སྐབས་སྤོས་རི་ངད་ལྡན་དུ་འབོད་པ་དེ་རེད། གནས་མཆོག་དེ་ནི་འབུམ་སྡེ་ཕལ་མོ་ཆེ་གསུངས་སའི་འོད་ཀྱི་ལྷ་རི་སྤོ་མཐོན་དེ་ཡིན། འོན་ཀྱང་བོན་གྱི་དད་ལྡན་གནས་མཇལ་ཚོས་རྩ་ཆེན་དུ་མ་མཐོང་བ་ནི་ཅི་འདྲའི་བློ་ཕམ་གནས་སོ། །
རྒྱུད་ཉི་ཟེར་སྒྲོན་མ་ནས་ཀྱང་རྒྱ་གར་ནི་འོལ་གླིང་གི་ལྷོ་ཕྱོགས་སུ་ཡིན་སྐོར་བཤད་པས་དཔེ་ཆ་དེ་ནས་འོལ་གླིང་གང་དུ་ངོས་འཛིན་མིན་གསལ་པོར་ཧ་གོ་ནུས་པ་ཡིན། དཔེ་རྙིང་སྲིད་པ་སྤྱི་མདོས་ལས། “བསྭོ་ཡ་ཀི་སྐྱིད་པོ་ཡུལ། །ཉམས་དགའ་བག་རེ་བྲོ། །ཆུ་རྒྱལ་བཞི་འདུས་མགོ། །རི་རྒྱལ་ཏི་སེའི་མདུན། །མཚོ་རྒྱལ་མ་པང་འགྲམ། །འོལ་གླིང་གཡུ་ཡི་མཁར། །བཞུགས་གནས་ངོ་རེ་མཚར། །དེ་འདྲའི་སྐུ་མཁར་ན། །སུ་སུ་མ་བཞུགས། །བཞུགས་པ་གཤེན་གྱི་ལྷ། །གཤེན་རབ་མྱི་བོ་ཆེ།” ཞེས། སྟོན་པ་མཆོག་གི་འཁྲུངས་ཡུལ་གསལ་སྟོན་བྱས་པ་འདི་ཚོར་ཕྱོགས་གཞན་གྱི་རིག་གནས་ལོ་རྒྱུས་ཀྱི་ཤུགས་ཅན་ཐེབ་དོན་མེད། ཡང་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་ནས་འོད་ཀྱི་ལྷ་རི་སྤོ་མཐོན་ནི་ཆུ་མིག་བརྒྱད་ཅུ་རྩ་གཉིས་འཁྲུངས་པའི་མགོར་ཡིན་སྐོར་བཞེེད་པས། ཆུ་མིག་བརྒྱད་ཅུ་རྩ་གཉིས་ནི་ཀླུ་སྒྲུབ་ཡེ་ཤེས་སྙིང་པོའི་སྒྲུབ་གནས་ཡིན་ལ་དེ་ཉིད་ཡར་ཆབ་གཙང་པོའི་སྟོད་བོད་དང་ཞང་ཞུང་གི་ས་མཚམས་སུ་ཡོད་པ་སྐྱབས་སྟོན་གྱིས་བཞེད།
ཡང་དཔལ་ཆེན་གྱི་ཁམས་འགྲེལ་དང་མཛོད་སྒྲ་འགྲེལ་གཉིས་ནས་གཡུང་དྲུང་དུམ་པ་ཚལ་དུ་ཁམས་ཆེན་གཏན་ལ་ཕབ་སྐོར་གསལ། དུམ་པ་ཚལ་ནི་གཤེན་རབ་བོད་དུ་བྱོན་པའི་ལམ་བར་ཞུང་ཞུང་གི་ས་ཞིག་ཡིན་སྐོར་མདོ་གཟེར་མིག་ལས་བཤད། ས་གནས་དེ་ཉིད་གཙང་སྟོད་བྱེ་མ་གཡུང་དྲུང་གི་ཉེ་སྐོར་དུ་ཡོད་པ་བོད་ཡུལ་གནས་ཀྱི་ལམ་ཡིག་ནས་གསལ། དེར་མ་ཟད་སྟོན་པས་ཁམས་ཆེན་གགསུངས་དུས་མཆོད་པའི་རྫས་སུ་བྱུང་བ། དྭང་ར་ཤིམ་ཕོད། ཅེས་པར་མཁས་པ་དཔལ་ཆེན་གྱིས་འགྲེལ་བཤད་གནང་དུས། མཚོ་མ་པང་གི་ཆུ་གཙང་དང་། སྤོས་རི་ངད་ལྡན་གྱི་སྤོས་སྣ་གཉིས་ལ་ངོས་འཛིན་གསལ་པོ་གནང་བས་ཁོང་གི་འོལ་གླིང་གང་དུ་ངོས་འཛིན་བྱེད་མིན་ཉིན་མོའི་སྣང་བ་ལྟར་གྱུར་པ་ཡིན།
དེ་བཞིན་ཁམས་ཆེན་གྱི་གསུངས་པའི་གནས་བརྒྱད་ཀྱི་ནང་ཚན། མུ་ལེ་ཁྱུད་མཚོ། ཞེས་པ་འདི་སྟོན་པ་ཡབ་སྲས་སྐུ་ཁྲུས་གསོལ་དུ་ཕེབས་སའི་རྒྱ་མཚོ་མུ་ལེ་ཧད་དམ་མཚོ་མུ་ལེ་སྟོན་ལྡན་དང་གཅིག་པར་མངོན། མཚོ་མུ་ལེ་ཁྱུད་ནི་འོལ་གླིང་གི་མཐའ་སྐོར་ན་ཡོད་པའི་མུ་ཁྱུད་བདལ་བའི་མཚོ་གླིང་དང་གཅིག་ཡིན་ཚུལ་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་བཞེད་ཡོད། མུ་ལེ་ཁྱུད་མཚོ་ནི་མངའ་རིས་སྤུ་རོང་རྫོང་ཁོངས་སུ་གནས་པའི་ལ་ངག་གསེར་མཚོ་དང་གཅིག་སྐོར་དཔལ་ཚུལ་གྱིས་བཞེད་ཡོད། དེ་ན་ལོ་རྒྱུས་གོང་འོག་བསྒྲིག་དུས་བདེན་པ་ར་སྤྲོད་དུ་བྱུང་བ་ཡིན། ཕོ་བྲང་བར་པོ་སོ་བརྒྱད་ནི་རྒྱ་མཚོ་མུ་ལེ་ཧད་དང་ཐག་མི་རིང་བའི་སར་དུ་ཡོད་སྐོར་མཛད་མདོ་ཆེན་མོ་གཟེར་མིག་གསལ་བ་ཡིན།
ཡང་རྒྱུན་ཁམས་གསུང་སའི་གནས་གནོད་སྦྱིན་ནོར་གྱི་གླིང་ཞེས་པ་དེ་ཡིན། གནས་དེ་གདུགས་དཀར་གསུངས་སའི་འོལ་གླིང་བྱང་ཕྱོགས་ཆུ་བོ་པཀཱུའི་མགོ་གནོད་སྦྱིན་ནོར་གྱི་གླེང་ཞེས་པ་དང་གཅིག་པར་མངོན། དེ་ནི་དེང་སྐབས་ཁྱུང་ལུང་དངུལ་མཁར་གྱི་བྱང་རྒྱུད་མང་མཚེར་ཤང་གི་རྒྱབ་རི་གནོད་སྦྱིན་མགོན་རི་ཞེས་པའི་སྐོར་དེར་ངོས་འཛིན་ན་འཐད་སྙམ། གནོད་སྦྱིན་མགོན་རི་ནི་ཁྱུང་སྤྲུལ་རིན་པོ་ཆེས་གནས་རི་གལ་ཆེན་དུ་ངོས་འཛིན་བྱས་ཡོད་ལ། ས་གནས་དེ་གའི་ཡུལ་ལྷ་གལ་ཆེན་ཞིག་ཀྱང་ཡིན་འདུག མདོར་ན་གནའ་དུས་སྐབས་རེ་གཡང་འགུག་ས་དང་། སྐབས་རེ་མཚམས་གཅོད་ས་བྱང་ཕྱོགས་གནོད་སྦྱིན་གྱི་ཡུལ་ཞེས་པའང་འདི་ལས་མ་འདས་པར་སྙམ།
སླར་ང་ཚོས་དོ་སྣང་བྱེད་དགོས་རིགས་ནི། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རིག་གནས་ཀྱི་ཤུགས་ཅན་བྱུང་བ་ནས་བོད་རང་ཡུལ་གྱི་གདོད་མའི་རིག་གནས་ལ་འཕོ་འགྱུར་རླབས་ཆེན་ཞིག་བྱུང་བ་མ་ཟད། གནའ་དུས་རི་ཆུ་ལུང་གསུམ་གྱི་མིང་བརྡའི་ཐད་ལའང་དེ་བཞིན་ཉིན་སྲིབ་ལྟ་བུའི་རྣམ་པ་མི་འདྲ་བའི་འགྱུར་ལྡོག་སོང་བས། ལོ་ན་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་གནའ་བོའི་ཞང་ཞུང་གི་ས་སྐོར་ལ་ཕྱི་མིག་ཅེར་བ་ནི་ནུབ་ཁའི་ཉི་ཟེར་ལ་བལྟས་པ་དང་རྣམ་པ་ཀུན་ནས་མཚུངས། དེ་ཡང་བཙན་པོ་སྲོང་བཙན་སྒམ་པོའི་སྲིད་འབྱོར་དབུ་བརྙེས་པ་ནས་ཁྱིམ་མཚེས་ཀྱི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་བྱུང་སྟེ། ཕན་ཚུན་རིག་གནས་སྤེལ་རེས་དང་དམག་འཁྲུགས་གཡུལ་འགྱེད་ཀྱི་ཟིང་ཆའི་ཁྲོད་ནས་ཞང་ཞུང་ལ་ཕམ་ཁ་བྱུང་སྟེ་བཙན་པོའི་མངའ་རིས་སུ་ཚུད་པ་ནས་ཞང་ཞུང་རང་ཉིད་ཀྱི་ཆབ་དཔལ་ཉམས་རྨས་སུ་གྱུར་ཅིང་། གདོད་མའི་རིག་གནས་གང་ཡོད་ལ་གོད་ཆགས་ཆེ་ཆེར་སོང་བར་མངོན། དེ་སྟབས་གཅིག་ཏུ་ཆོས་ལུགས་འཐེན་འཁྱེར་གྱི་སྒེར་གཅོད་ཁྲོད་དུ་བོད་རང་ཡུལ་གྱི་བོན་ཆོས་ལ་ཕམ་ཁ་གྱ་ཉེས་ཤིག་བྱུང་བ་ནས་གངས་རིའི་སྣོད་བཅུད་གཉིས་ལ་ཕྱོགས་གཞན་གྱི་རིག་གནས་ཆོས་ལུགས་ཀྱི་གཡའ་དྲེག་མཐུག་པོ་ཞིག་གོས་སྟབས། མེས་པོའི་ཞལ་རས་ནི་ཇེ་ནོགས་ཇེ་འགྲིབ་ཏུ་སོང་བའི་ལོ་རབས་ཀྱང་སྟོང་ཕྲག་གི་གྲངས་སུ་འཕེལ་ཟིན་པ་རེད།།
སྟོན་པ་ཏི་སེའི་འདབས་ཀྱི་ས་གནས་གང་དུ་འཁྲུངས་མིན།
ང་ཚོས་ད་ལྟའི་བར་སྟོན་པ་མཆོག་ཏི་སེའི་འདབས་ཀྱི་ས་གནས་གང་དུ་འཁྲུངས་མིན་གསལ་ཁ་དོད་པ་རེ་གླེང་ཐུབ་མེད། སྲིད་པ་སྤྱི་མདོས་ནས། རི་རྒྱལ་ཏི་སེའི་མདུན། མཚོ་རྒྱལ་མ་པང་འགྲམ་ཞེས་པ་ལས་ས་གནས་དངོས་གསལ་ཁ་མ་བྱུང་། འོལ་གླིང་གཡུ་ཡི་མཁར་ཞེས་པ་ནི་དོན་ཐོག་ས་སྔོན་པོས་བསྐྲུན་པའི་ཕོ་བྲང་ཞིག་ཡིན་པ་དང་དེ་ལ་ཆེ་བ་ཅུང་ཟད་སྦྱར་ཏེ་མཚན་ལ་དེ་ལྟར་བཏགས་སམ་སྙམ། དེང་སྐབས་ཀྱང་སྟོད་རྒྱུད་ས་གནས་ཁག་ཏུ་ཁང་པའི་གྱོང་མདོག་སྔོན་པོ་ཅན་མང་པོ་མཐོང་དུ་ཡོད་པ་དེ་འདྲ་ཞིག་ཡིན་སྲིད། དགེ་བསྙེན་གྱི་ཆོ་ག་ནས་ལྷ་རི་སྤོ་མཐོན་ནི་འོལ་གླིང་གི་ཤར་རྒྱུད་དུ་ཡོད་སྐོར་གསལ་བས་དབུས་བར་སོ་བརྒྱད་ནི་སྤོས་རི་ངད་ལྡན་གྱི་ནུབ་ཕྱོགས་ངོས་འཛིན་བྱེད་ཐུབ་པ་ཙམ་བྱུང་བ་ལས་གསལ་ཁ་མ་བྱུང་། གནོད་སྦྱིན་ནོར་གྱི་གླིང་ནི་འོལ་གླིང་གི་ནུབ་ཕྱོགས་ཆུ་བོ་པཀཱུའི་གྱི་མགོར་ཡིན་སྐོར་གསལ་བས། བར་པོ་སོ་བརྒྱད་ནི་དེའི་ཤར་ཕྱོགས་སུ་ཡོད་པ་ཚོད་དཔག་བྱེད་ཐུབ་རུང་གཤེན་རབ་འཁྲུངས་གཞིས་ད་དུང་གང་ཡིན་མ་ཤེས། དེ་ན་འདིར་བོན་གྱི་དཔེ་རྙིང་སྒྲ་འགྲེལ་གྱི་ལུང་འོག་གུང་བསྒྲིག་ན་ང་ཚོར་གོ་བ་ཞིག་སྟེར་བ་ནི། དེ་ཉིད་ལས་”ཡུལ་འོལ་བུ་རྒ་ལྡན་གསལ་བ་འོད་ཀྱི་གླིང་དུ་སྐུ་བཙས་ལྷ་ལས་མི་རུ་སྤྲུལ་པའི་གཤེན་པོ། སྟོན་པ་གཤེན་རབ་མི་བོར་བཏགས་སོ། །” ཞེས་པ་དེ་དང་། དྲན་པ་ནམ་མཁའི་འཁྲུངས་གཞིས་ཁྱུང་ལུང་དམར་མཁར་བཤད་སྐབས། མཁར་ཁྱུང་ལུང་དངུལ་མ་མཱ་ཞེས་ཀྱང་བྱ། འོམ་པོ་སྒོ་བཞི་ཞེས་ཀྱང་བྱ་བ་ན་ཞིག” ཞེས་པའི་སྐབས་ཀྱི་ལུང་ཚིག་གོང་མ་གཤེན་རབ་འཁྲུངས་གཞིས་ “ཡུལ་འོལ་བུ” ཞེས་པ་དང་། ཕྱི་མ་ “འོམ་པོ” ཞེས་པ་འདི་གཉིས་སྒྲ་གདངས་ཧ་ཅང་ཉེ་བས་ ”འོལ་བུ” དང་། “འོམ་པོ” “འོལ་མོ” “འོལ་པོ་” ཞེས་པ་བཅས་རིམ་བཞིན་ཟུར་ཆགས་པ་དང་། དེང་སྐབས་འོལ་པོ་སྒོ་བཞི་རུ་འབོད་ཀྱིན་པ་ནི་འོལ་མོ་ལུང་རིང་ངམ་འོལ་བུ་དགའ་ལྡན་ཞེས་པའི་མིང་བརྡའི་འཕྲོས་གཞི་རེ་ཨེ་ཡིན་ན་དྲན།
མ་ཟད་གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་དཔེ་རྙིང་ནས་”འོལ་ཕུ་ལུང་རྀངས་ན། འོལ་ཕུག་རྒ་དང་། འོལ་གྱི་སྤང་བཟང་ན།” ཞེས་པའི་སྐབས་ཀྱི་གོང་གསལ་ “འོལ་བུ་རྒ” དང་ཕྱི་མ་ “འོལ་ཕུག་རྒ” ཞེས་པ་གཉིས་ནི་སྒྲ་གདངས་འཕྲོས་གཅིག་ཏུ་གྱུར་པ་མངོན་གསལ་དོད་པོར་གྱུར། དེ་དང་དཔྱད་བསྡུར་གྱི་གཞི་གལ་ཆེན་དྲན་པའི་འཁྲུངས་གཞིས་འོམ་པོ་ཞེས་པ་བཅས་མིང་ཚིག་གི་འབྲེལ་ལམ་ལ་ཞིབ་འཇུག་གཏིང་རིང་བྱེད་དུ་ཡོད་པར་མངོན། དུས་དེང་སང་ཡང་གནས་འདིར་འོལ་པོ་སྒོ་བཞི་ཞེས་པའི་མིང་དེ་ལྷག་ནས་ཡོད་པ་ཡིན། མ་ཟད་སྟོན་པའི་མཛད་མདོ་སྡུད་པ་མདོ་འདུས་ནས་ཁྱུང་ལུང་དངུལ་མཁར་སྟོན་པ་མཆོག་གིས་བཞེངས་པ་དང་གཤེན་བུ་ཀོང་ཚ་ཡང་གནས་དེར་འཁྲུངས་སྐོར་གསལ་བས་ས་གནས་འདི་དང་འབྲེལ་བ་ཧ་ཅང་ཟབ། གཤེན་གྱི་མི་རྒྱུད་ཀོང་ཚ་དབང་ལྡན་ནས་མཆེད་པ་དང་ཕྱིས་གཉའ་ཁྲིའི་སྐབས་སུ་གཤེན་གྱི་སྲས་རྒྱུད་ཞང་ཞུང་ནས་ཡར་ཀླུང་ཁུལ་དུ་བརྒྱུད་པ་བཅས་ལ་མུ་མཐུད་ཞིབ་དཔྱད་བྱས་ན་ལོ་རྒྱུས་ཐོག་ནས་འབྲེལ་ལམ་ཟབ་པོ་ཡོད་པར་མཐོང་།།
བན་གྱི་མཁས་པས་གཤེན་རབ་གང་དུ་འཁྲུངས་པར་འདོད།
བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཁག་ནས་འོལ་གླིང་གསལ་བ་ཆེས་ཉུང་ཉུང་ཡིན་རུང་། གནད་ཡོད་མི་སྣ་མང་པོས་སྟོན་པ་གཤེན་རབ་འཁྲུངས་གཞིས་འོལ་མོ་ལུང་རིང་ནི་བོད་ཡུལ་རང་ཡིན་སྐོར་བཞེད་པ་དུས་སྔ་མོ་ནས་དངོས་ཤུགས་ཀུན་ནས་ཐོན་བཞིན་ཡོད། དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་གཏེར་ལ་བཏོན་པའི་བཀའ་ཆེམ་ཀ་ཁོལ་མ་ལས་གཤེན་རབ་མི་བོ་ཆེ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་སྐོར་འཆད་སྐབས། “ནུབ་ཕྱོགས་ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབ་མི་བོར་སྐུ་སྤྲུལ།” ཞེས་པའི་སྐབས་ཀྱི་ནུབ་ཕྱོགས་ནི་བོད་དབུས་ཁུལ་གྱི་ནུབ་ཕྱོགས་མངའ་རིས་སྐོར་ལ་ངོས་འཛིན་བྱས་པ་ནི་ཟུར་བལྟས་ལེབ་མཐོང་དུ་གྱུར། ཡང་དུས་རབས་བཅོ་ལྔ་པའི་ (1405 ལོར་འཁྲུངས) དུས་མགོར་འཁྲུངས་པའི་ས་སྐྱའི་མཁས་དབང་སྟག་ཚང་ལོ་ཙྭ་བ་ཤེས་རབ་རིན་ཆེན་གྱིས་བོད་ཀྱི་གསོ་རིག་བྱུང་ཁུངས་བཤད་སྐབས། བོད་ཀྱི་གསོ་བ་རིག་པ་རྒྱལ་པོ་ཐོ་རི་གཉེན་བཙན་དུས་སུ་བྱུང་བར་བཤད་པ་ལ་དགག་རྒྱག་དོགས་སློང་གནང་སྟེ་དེའི་གོང་དུ་གཤེན་རབ་མི་བོའི་གསོ་རིག་དར་སྐོར་འདི་ལྟར་བཞེད་ཡོད། “བོད་ཡུལ་གསོ་དཔྱད་བསྟན་པའི་དབུ། ཐོ་རིའི་དུས་སུ་བརྙེས་བརྗོད། །དེ་ནི་མ་བརྟག་གཏམ་ཡིན་ཏེ། །ཆོས་རྒྱལ་འདི་རིང་རྒྱ་གར་ནས། །བི་བྱི་བི་ལྷ་གཉིས་བྱོན་ཏེ། །འཕགས་ཡུལ་གསོ་དཔྱད་བོད་ཡུལ་དུ། །སྤེལ་བའི་ཐོག་མ་བརྙེས་པ་ལས། །འདི་དུས་བོད་ཀྱི་གསོ་དཔྱད་དབུ། །བརྙེས་པར་བརྗོད་པ་མངོན་སུམ་འགལ། །གངས་ཅན་བོད་ཀྱི་གསོ་དཔྱད་ནི། །གཉའ་ཁྲི་བོད་རྗེ་མ་བྱོན་གོང་། །སྟོན་པ་གཤེན་རབ་མི་བོ་ཆེ། །ཞང་ཞུང་འོལ་མོ་ལུང་རིང་བལྟམས། །དཔྱད་ལྡེ་ཉི་ཁྲི་ཆིག་སྟོང་མཛད།” ཅེས། བོད་ཀྱི་གསོ་རིག་གཉའ་ཁྲིའི་གོང་ནས་སྟོན་པ་གཤེན་རབ་མི་བོས་སྤེལ་བར་གླེང་པ་དང་། གཤེན་རབ་མི་བོའི་གསོ་རིག་བོད་ཀྱི་སྨན་གཞུང་ཐོག་མ་རུ་སྒྲུབ་བྱེད་བྱས་པ་ནི། ཁོང་གིས་སྟོན་པ་གཤེན་རབ་ནི་བོད་མི་ཞིག་ཡིན་ཚུལ་འདོད་པ་རང་བཞིན་གྱི་ཧ་གོ་ནུས་པ་ཡིན། དུས་རབས་བཅུ་དྲུག་པའི་(1509 ལོར་འཁྲུངས)གསོ་རིག་མི་སྣ་གལ་ཆེན་ཟུར་མཁས་བློ་གྲོས་རྒྱལ་པོས་ཀྱང་སྟོན་པ་གཤེན་རབ་མི་བོ་ཆེ་བོད་ཀྱི་གསོ་བ་རིག་པའི་སྲོལ་འབྱེད་ཡིན་ཚུལ་གླེང་ཡོད་ལ། ཁོང་གིས་སྟོན་པ་གཤེན་རབ་མི་བོ་མངའ་རིས་སྤུ་རོང་དུ་སྐུ་འཁྲུངས་སྐོར་བཞེད། ཕྱིས་ནམ་མཁའི་ནོར་བུ་དང་། ཐུབ་བསྟན་ཕུན་ཚོགས། ཚེ་དབང་ལྷ་མོ་སོགས་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེ་ལུང་དེའི་རྗེས་སུ་འབྲེང་སྟེ་སྟོན་པ་གཤེན་རབ་སྤུ་རོང་དུ་འཁྲུངས་སྐོར་བཞེད་ཡོད། ཟུར་མཁར་གྱིས་གཤེན་རབ་མི་བོ་སྤུ་རོང་དུ་འཁྲུངས་སྐོར་བཞེད་པ་འདི་ད་དུང་སྔ་ཤོས་དེ་མ་ཡིན་པར་དེའི་གོང་དུ་སྤུ་རོང་འཁྲུངས་པར་འདོད་མཁན་མཁས་པ་ཡོད་སྲིད། ས་སྐྱ་མཁས་པ་བསོད་ནམས་རྒྱལ་མཚན(འཁྲུངས། 1372-?)གྱིས་བོན་བསྟན་ཞང་ཞུང་ནས་བོད་དུ་བསྒྱུར་སྐོར་བཤད་པ་དེར་དཔྱད་ནའང་རྩོམ་པ་པོའི་ཞེ་འདོད་ལ་བོན་ཆོས་ནི་བོད་རང་སའི་ཆོས་བརྒྱུད་ཞིག་ཡིན་པའི་འདོད་ཚུལ་དེ་མངོན་ཡོད། བོན་གྱི་ཆོས་ལུགས་བོད་རང་སའི་ཆོས་ལུགས་ལ་ཁས་ལེན་མཁན་ཞིག་ཡིན་ན་སྟོན་པ་གཤེན་རབ་བོད་མི་ཡིན་པ་དོན་དུ་ཁས་བླངས་ཟིན་པ་ཡིན། མདོར་ན་བན་དེའི་ལོ་རྒྱུས་སྨྲ་བ་པོའི་ཁྲོད་དུ་དུས་སྔ་མོ་གཤེན་རབ་ཞང་ཞུང་དུ་འཁྲུངས་པར་འདོད་མཁན་བྱུང་ཡོད་པ་ལས། དུས་ཕྱིས་ནམ་མཁའི་ནོར་བུའི་བཤད་སྒྲོས་གཅིག་པུའི་དབང་དུ་ཕྱིན་པ་ཞིག་གཏན་ནས་མ་རེད། མཁས་དབང་ནམ་མཁའི་ནོར་བུ་མཆོག་གིས་བོད་གདོད་མའི་རིག་གནས་རྩལ་འདོན་དང་། ལྷག་ཏུ་ཞང་ཞུང་ཤེས་རིག་ལ་ཐུགས་སྣང་ཆེར་བཞེས་པ་མཛད་པ་འདི་བོན་ལ་ངོ་གསོ་བསྟོད་ཕྱིར་གླེང་པ་ཞིག་མིན་ལ། བོད་ཞེན་ཆེ་དྲགས་པའི་ཁེར་ལབ་ཞིག་ཀྱང་དེ་བས་ནས་མིན། དེ་བཞིན་གཤེན་རབ་མི་བོའི་འཁྲུངས་ཡུལ་དང་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་གནང་བ་ནི་མི་རིགས་ལ་བཅང་པའི་བརྩེ་དུངས་ཤིག་ཡིན་པ་ལས་ཁོ་རང་ཉིད་ཀྱི་ཁེ་དབང་དང་གོ་སའི་ཆེད་དུ་ག་ལ་ཡིན་སྲིད་དོ།། །།