གཤེན་རབ་ཀྱི་སྲས་ལྕམ་དྲལ་ཚོའི་བོན་འཁོར་སྐོར་ལ་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་གསུམ་པ། 26, 2018
བཀའ་ལན་གནང་མཁན། ཞང་ཚུལ་མུ། དྲི་བ་འབུལ་མཁན། ཧི་མ་ལ་ཡའི་རྒྱལ་སྲས།
དྲི་བ། མཁས་དབང་བོན་རྒྱ་ཚང་གི་རིས་མེད་བསྟན་རྩིས་དང་ཤར་རྫའི་ལེགས་བཤད་མཛོད་སོགས་བོན་གྱི་བསྟན་འབྱུང་འགའ་ལས། “ཡང་གཡུང་དྲུང་གླིང་བས་ཕྱུག་མོ་དཔལ་རིར་ཚེ་དབང་བོད་ཡུལ་མའི་སྐོར་དང་།” ཞེས་པ་ནས། “རེ་རྐྱང་ཤང་མཐའི་བྲག་ནས་ལྷ་ཀླུའི་ནོར་བུ་དང་། ནེའུ་ཆུང་རྣ་གཡུ་དཀར་ཆག་དང་བཅས་པ་གཏེར་བཏོན།” ཞེས་པའི་ནེའུ་ཆུང་རྣ་གཡུ་དཀར་ཆག་གསུངས་པ་དེ་མཇལ་ཡུལ་དུ་ཡོད་མེད་དང་། དེ་བཞིན་སྟོན་པའི་སྲས་ལྕམ་དྲལ་གཞན་ཚོས་གསུངས་པ་དང་ཞུ་བ། བསྡུ་བ་སོགས་མཛད་པའི་དཔེ་ཆ་གང་དང་གང་ཡོད་དམ།
ལན། ནེའུ་ཆུང་རྣ་གཡུ་ཞེས་པའི་མཚན་དེར་བལྟས་ན་གཤེན་ཟ་ནེའུ་ཆུང་དང་འབྲེལ་བ་ཡོད་པའི་བོན་དཔེ་ཞིག་ཨེ་ཡིན་ན་སྙམ་པ་འདྲ་འདུག འོན་ཀྱང་དུས་འགྱུར་གོང་དུ་བོན་དཔེའི་མཚན་བྱང་འཁོད་མང་ཤོས། མཁན་ཉི་མའི་བཀའ་བརྟེན་འགྱུར་སྡེ་ཚན་སྒྲིག་ཚུལ་དང་། སློབ་དཔོན་སྐལ་བཟང་དར་རྒྱས་ཀྱི་གླེགས་བམ་གཏེར་གྱི་ཁ་བྱང་གཉིས་ནས་གསལ་བ་མ་མཐོང་། མ་གཞི་སྔར་ཨ་ཙ་ར་མི་གསུམ་སོགས་གཏེར་སྟོན་ཁག་གིས་བཏོན་པའི་བོན་དཔེ་ཧ་ཅང་མང་པོ་ཞིག་ད་ལྟའི་མཐོང་དུ་མི་འདུག་པས་དེ་འདྲ་ཞིག་ཡིན་སྲིད་སྙམ།
དེ་མིན་སྟོན་པའི་སྲས་ལྕམ་དྲལ་རྣམས་ཀྱིས་ཞུས་པའི་བོན་དང་། མཛད་པའི་བོན་གནའ་དུས་མང་པོ་ཡོད་འདུག་ན་ཡང་དེང་སྐབས་མཇལ་དུ་ཡོད་པ་རེ་ཙམ་ཡིན། མུ་ཆོས་མཛད་པ་ལ་འདུལ་བའི་བསྟན་བཅོས་མངོན་པ་སྡེ་བཞི་དང་། སྨོན་འཇུག་ཆེན་མོ། འདུལ་བ་རྒྱུད་དྲུག ཞི་ཁྲོའི་རྩ་འགྲེལ། གསས་མཁར་སྡོང་པོའི་རབ་དབྱེ་བཅས་ཡོད་པ་དང་།
དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་སྨན་དཔེ་ལ་རྩ་འགྲེལ་ལེའུ་བདུན་པ་དང་། སྨན་མདོ། ཤ་སོས་རུས་མཐུད་ཀྱི་གདམ་པ་དར་དཀར་ཡན་གྱི་རྒྱུད། བཅད་འབྱོར་ཉི་ཤུ། དུག་བཅོས་གཡུང་དྲུང་འཁྱིལ་བ་བཅས་ཡོད།
ད་དུང་གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་བརྩམས་པའི་<མན་ངག་པོ་ཏི་དམར་པོའི> བྱིས་པའི་རྣ་རྩ་བརྟག་ཐབས་ཀྱི་གཞུང་ལས་དྲང་སྲོང་དཔྱད་བུ་ཁྲི་ཤེས་ལ་ཕྱག་འཚལ་ལོ་ཞེས་གསལ་བར་དཔྱད་ན་དཔྱད་བུའི་སྨན་དཔེ་གཞན་ཡོད་པའི་དོགས་གནས་ཡོང་གི་ཡོད།
སྲས་གཏོ་བུ་འབུམ་སངས་ནི་སྤྱིར་འབུམ་སྡེའི་བོན་ལ་མངའ་བརྙེས་པ་ཞིག་ཡིན་རུང་མཛད་པའི་བོན་སྡེ་ལ་གསལ་ཁ་མ་བྱུང་། འོན་ཀྱང་ཁམས་བརྒྱད་ལས་རྒྱུན་ཁམས་ཞུ་བ་པོ་ཡིན།སྟོན་པའི་སྲས་མོ་གཤེན་ཟ་ནེའུ་ཆུང་གིས་མཛད་པའི་བོན་ལ་ནེའུ་ཆུང་རྣམ་ལྔ་ཞེས་པ་ཞིག་ཀློང་རྒྱས་ནང་དུ་ཡོད། མདོ་འདུས་ལེའུ་ཉེར་བཞི་པ་ནས་སྟོན་པ་མྱ་ངན་འདས་རྗེས་མུ་ཆོ་ལྡེམ་དྲུག་གིས་བཀའ་ལ་བརྟེན་པའི་ཀློག་བཤད་ཆེན་པོ་ལོ་གསུམ་མཛད་ཚུལ་དང་། དེ་རྗེས་འོལ་དྲུག་ཐང་པོས་ལྷ་རྒྱུད་ཡེ་ཤེས་ཀྱི་རྒྱུད་ལོ་གསུམ་ཀློག་བཤད་མཛད་ཚུལ་དང་། དེ་རྗེས་རྨ་ལོ་དང་གཡུ་ལོ་གཉིས་ཀྱིས་ལོ་དྲུག་ལ་གསུང་རབ་འབུམ་སྡེ་སིལ་བུ་རྐྱང་བཤད་མཛད་སྐོར་དང་། དེ་རྗེས་གཏོ་བུ་དཔྱད་བུ་གཉིས་ཀྱིས་ལོ་དྲུག་ལ་གཏོ་རྒྱུད་གཏོ་རབ་གཡུ་ལོ་བཤད་པ་དང་། དེ་རྗེས་ལོ་དྲུག་ལ་ལུང་འདྲེན་དང་རྒྱུད་འདྲེན་གཉིས་ཀྱིས་ཨ་དཀར་སྔགས་རྒྱུད་བཤད་པ་དང་། དེ་རྗེས་རྐོང་ཚ་འཕྲུལ་བུ་དང་རྐང་ཚ་དབང་ལྡན་གཉིས་ཀྱིས་རྩིས་དང་ལྷ་རྒྱུད་བཤད་སྐོར་གསལ་བར་དཔྱད་ན་སྟོན་པའི་སྲས་རྣམས་གཞུང་གང་ལ་མཁས་མིན་ཅུང་ཟད་ཧ་གོ་བར་འདུག་སྙམ། དེ་མིན་གཤེན་ཟ་ནེའུ་ཆེན་ནི་སྲིད་པའི་དཀའ་ཐུབ་ཅན་སྟོན་པའི་སློབ་མ་རྨད་དུ་བྱུང་བ་ཡིན་རུང་། ཁོང་གིས་ཞུས་པའི་བོན་དང་མཛད་པའི་གསུང་སོགས་གསལ་ཁ་ཕལ་ཆེར་དཀོན་པོ་ཡིན་འདུག