གཤེན་གྱི་མཁྱེན་ཚིག་དང་བོན་གྱི་སྡོམ་ཚིག་ཟེར་བ་དེ་ཚོ་ཇི་ལྟར་བརྩི།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་འདོན་མཁན། བྲག་ཚེ་དབང་།
ལན། བོན་ལུགས་སུ་ཚིག་བཅད་དང་བམ་པོ་སོགས་ལ་བརྩི་ཚུལ་དམིགས་བསལ་བ་རེ་ཡོད་པ་ལྟར་འདིའི་སྐབས་གཤེན་གྱི་མཁྱེན་ཚིག་དང་བོན་གྱི་སྡོམ་ཚིག་གསུངས་པ་རྣམས་ཇི་ལྟར་ཡིན་ཞེ་ན། དྲང་དོན་མུན་སེལ་སྒྲོན་མ་ལས། ʼʼ གཡུང་དྲུང་ཚེག་བར་བདུན་ལ་ཤད་བར་གཅིག །ཤད་པར་བཞི་ལ་ཤོ་ལོ་ཀ་གཅིག །ཤོ་ལོ་ཀ་གསུམ་ལ་མི་ཡི་དག་ཚིག་གཅིག །མི་ཡི་དག་ཚིག་གསུམ་ལ་གཤེན་གྱི་མཁྱེན་ཚིག་གཅིག །གཤེན་གྱི་མཁྱེན་ཚིག་གསུམ་ལ་བོན་གྱི་སྡོམ་ཚིག་གཅིག །བོན་གྱི་སྡོམ་ཚིག་བདུན་ལ་བམ་པོ་གཅིག །བམ་པོ་གཅིག་ལ་ཤོ་ལོ་ཀ་སུམ་བརྒྱ། །བམ་པོ་སུམ་བརྒྱ་དྲུག་ཅུ་ལ་ཤོ་ལོ་ཀ་འབུམ་ཡོད་པས་འབུམ། ʼʼ ཞེས་གསུངས་པ་ལྟར་ཡིན་ནོ། །ཡང་འགའ་ཞིག་གིས་ʼʼ ཤོ་ལོ་ཀʼʼ ཟེར་བ་ནི་ལེགས་སྦྱར་གྱི་སྐད་ཡིན་པས་བོན་ལུགས་སུ་དག་པ་མིན་པར་གསུངས་པའང་གོ་ཐོས་བྱུང་མོད། ལེགས་སྦྱར་གྱི་སྐད་ནང་ཡོད་པ་ཙམ་གྱིས་བོན་པོའི་ཚིག་མིན་དགོས་པའང་དེ་བས་འདོད་མི་ཐུབ་སྙམ་མོ།། །།