གལ་ཆེའི་གསལ་བཤད།
ལག་བསྟར་བ། དོ་དམ་པ། · ཟླ་བཞི་བ། 27, 2017
(བོན་གྱི་དྲིས་ལན་དྲ་མཛོད)སྒོ་འབྱེད་བྱས་ནས་ཉིན་གཉིས་ཀྱི་རིང་ང་ཚོའི་དྲ་བར་རྒྱ་ཆེའི་ཀློག་པ་པོ་དང་དེ་བཞིན་ལམ་སྟོན་བཀའ་སློབ་གནང་མཁན་སོགས་བསམ་ཡུལ་ལས་འདས་པའི་ཧ་ཅང་མང་པོ་ཞིག་ཕེབས་བྱུང་བར་ང་ཚོ་རྩོམ་སྒྲིག་ཚོགས་ཆུང་གི་ངོས་ནས་ཀྱང་ཤིན་ཏུ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ང་ཚོས་ཀྱང་མུ་མཐུད་ཁྱེད་རྣམ་པའི་བཀའ་སློབ་དང་དུ་ལེན་ནས་ཡར་རྒྱས་གང་ལེགས་ཡོང་ཐབས་ལ་འབད་རྒྱུ་ཡིན། དེ་བཞིན་མུ་མཐུད་མ་འོངས་པར་ཁྱེད་རྣམ་པས་ཀྱང་བསྟན་ལ་སྨིན་པའི་བཀའ་སློབ་ལམ་སྟོན་ཆུ་བོའི་རྒྱུན་བཞིན་སྩོལ་གནང་ཡོང་བར་མཁྱེན། ཞུ།
དེ་རིང་འདིར་དམིགས་བསལ་གསལ་བཤད་ཞུ་རྒྱུ་ཞིག་ལ་ཉེ་བའི་ཉིན་གཉིས་རིང་ང་ཚོའི་དྲ་བར་སྐད་རིགས་གཞན་དག་གི་ལམ་ནས་བཀའ་སློབ་ལམ་སྟོན་དང་བགྲོ་གླེང་གནང་མཁན་འགའ་ཞིག་བྱུང་སོང་བས། ང་ཚོས་གནས་སྐབས་རིང་ཁྱེད་རྣམ་པའི་གནས་བྲིས་ཐད་ཀར་དྲ་ཐོག་ཏུ་འགོད་ཐུབ་མ་སོང་བས་དགོངས་འགལ་མེད་པར་མཁྱེན། ཞུ།
རྒྱུ་མཚན་ནི། ང་ཚོའི་དྲ་བ་འདི་མ་འོངས་བོན་ཕྲུག་གཞོན་སྐྱེས་རྣམས་ལ་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་དེ་ཉིད་ཕ་སྐད་གཙང་མའི་ལམ་ནས་ངོ་སྤྲོད་ཞུ་ཐབས་དང་། དེའི་རྒྱུད་ནས་ཞང་བོད་མེས་པོ་རྣམ་པའི་གསུང་རྒྱུན་གྱི་ཚིག་སྦྱོར་རེ་བློ་གསལ་གཞོན་ནུ་ཚོའི་ཐུགས་ལ་འཇག་པར་འབད་པ་ཞུ་རྒྱུ་ནི་ཐོག་མའི་དམ་བཅའ་ལྟར་དྲ་རྒྱ་འདི་ཡང་ཞང་བོད་ཀྱི་ཕ་སྐད་གཙང་མའི་ལམ་ནས་གཉེར་བཞིན་ཡོད་པས། དེ་ལུགས་ཁྱེད་རྣམ་པས་ཀྱང་ཧ་ཅང་གིས་ཐབས་ཟད་ན་མ་གཏོགས་དགོངས་ཚུལ་དང་བཀའ་སློབ་གང་ཡོད་ཞང་བོད་ཀྱི་སྐད་ཡིག་གཙང་མའི་ལམ་ནས་སྤེལ་གནང་རོགས་ཞུ།
ཞེས་(བོན་གྱི་དྲིས་ལན་དྲ་མཛོད་)ཀྱི་རྩོམ་སྒྲིག་པས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༦ ཉིན།།