གཡུང་དྲུང་བོན་ལུགས་ལ་ཐུན་མིན་རྒྱན་གོས་ཇི་ལྟར་ཡོད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྔོན་ཞང་བོད་རྒྱལ་པོ་རྣམས་ཀྱི་སྐབས་སུ་དབུ་ལ་གསེར་གཡུ་སོགས་རིན་པོ་ཆེའི་བྱ་གྲི་ཁྱུང་རུ་བཙུག གཤེན་པོ་རྣམས་ཀྱིས་དར་འགྱིང་སེང་དཀར་པོའི་ལ་ཐོད་དཀྲིས། སྐུ་ལ་ཟབ་འོག་གི་བེར་སྣམ་སོགས་གསོལ་ཚུལ་ཡོད་འདུག་ལ། སྤྱིར་འདུལ་འཛིན་དྲང་སྲོང་པ་རྣམས་ལ་ན་བཟའ་པད་ལོ་རིས་དྲུག་གམ་ན་བཟའ་གོས་དྲུག་སྟེ། པད་ཞུ་པད་མ་སྤུངས་པ། སྟོད་གོས་སུལ་བུ་རྩ་ལྔ། སྨད་འོག་གླིང་སྣམ་ཉེར་ལྔ། རྨད་གོས་གླིང་སྣམ་བརྒྱ་རྩ། པད་ལྷམ་པད་མ་བརྩེགས་པ། གདིང་བ་གླིང་བརྒྱད་གཡུ་མདངས་སྔོན་པོ་རྣམས་ཡིན། དེ་བཞིན་འདུལ་ཆས་ལ་གཙང་རྫས་སྡེ་བཅུ་དང་རིན་ཆེན་རྫས་ལྔ་སོགས་ཡོད།
གསང་སྔགས་རྣལ་འབྱོར་བའི་སྡེ་ལ་སྔགས་པའི་ཆས་གོས་དགུ རྣལ་འབྱོར་བའི་ཆ་བྱད་བདུན། དུར་ཁྲོད་ཀྱི་ཆས་བརྒྱད་སོགས་མང་པོ་ཞིག་ཡོད། དེའི་ནང་ཚན་ཡོངས་གྲགས་ཞྭ་དཀར་གཡུང་དྲུང་བོན་ཞེས་པར་བརྡ་མཚོན་པའི་ཞྭ་དཀར་མོ་རྩེ་རྒྱལ་དང་། ཞྭ་དཀར་ཁྱུང་ལྡིང་མ་སོགས་ཡོད།