གཡུང་དྲུང་བོན་ལུགས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ཇི་ལྟར་གསུངས་ཡོད།
རྩོམ་བྲིས་པ། ལྷ་ཐོག་དགེ་བཤེས་ཤེ་ཙུ་རྒྱ་མཚོ།
ཁོར་ཡུག་ཅེས་པ་ནི། མི་རང་རང་སྡོད་སའི་ས་གཞི་དང་། རི་བོ། དེ་ལས་སྐྱེས་པའི་རྩི་ཤིང་དང་། ཆུ་བོ། ཆུ་ཕྲན། ཆུ་མིག ཉི་འོད། མཁའ་རླུང་། ཁང་ཁྱིམ་སོགས་རང་འབྱུང་གི་ཁམས་ཡོད་ཚད་ཀྱི་སྤྱི་ལ་ཟེར།།
སྲུང་སྐྱོབ་ནི། བྲག་རི་དང་སྤང་རི། རྩི་ཤིང་ནགས་ཚལ་ལ་འཐོར་ཞིག་མི་ཐེབས་པ་དང་། འཁྱིལ་ཆུ་དང་རྒྱུགས་ཆུ་རྣམས་ལ་འབག་གཙོག་མི་འགྲོ་བར་བདག་སྲུང་དང་། ཉམ་ཉེས་འབག་གཙོག་ཤོར་བ་རྣམས་བསྐྱར་གསོ་བྱེད་ནས་ས་བཅུད་དང་ཡུལ་བཅུད་ཉམ་པའི་ཉན་ཁ་ལས་སྐྱོབ་པ་ལ་སྲུང་སྐྱོབ་ཟེར།
འདི་ནི་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་གདུལ་བྱའི་བློ་ལ་ལྟོས་ཏེ།
ཐེག་པ་རིམ་པ་དགུ་གསུངས་པའི་ཐེག་པ་ལྔ་པ་དགེ་བསྙེན་གྱི་ཐེག་པའི་སྐབས་སུ་ཁོར་ཡུག་གམ་སོ་སོ་གནས་གཞི་བྱེད་སའི་ཡུལ་ལུང་དག་གི་ཆ་ཤས་ཡོད་ཚད་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་པས་ཚང་མའི་གནས་སྟངས་ལ་གཏོར་སྐྱོན་མ་ཐེབས་པ་ཆ་མཉམ་པ་ཞིག་བྱུང་ན། ཁོར་ཡུག་དེ་དག་གནས་ཤིང་མངའ་བདག་བྱེད་པའི་ཀླུ་དང་། གཉན། ས་བདག་སོགས་འཁོན་འགྲས་མེད་པར་གནས་པས། དེ་ལ་གནས་པའི་མི་དང་། རི་དྭགས། གཅན་གཟན་ལ་སོགས་པའི་གཟུགས་ཅན་ཚང་མ་ལ་ཕན་བདེ་འབྱུང་གི་ཡོད་པ་དང་། དེ་དག་ལ་གཏོར་སྐྱོན་དང་འབག་གཙོག་ཤོར་ནས་གནས་སྟངས་ཆ་མ་མཉམ་ན། དེས་ཆ་ཤས་གཞན་དག་གི་གནས་སྟངས་ལ་ཤུགས་རྐྱེན་ཐེབས་ཏེ། སྣོད་ཁོར་ཡུག་ལ་མེ་འབར་བ་དང་། ཆུ་འགྲུག་པ། ས་གཡོ་བ། རླུང་འཚུབ་པ། སད་དང་སེར་བ་སོགས་ཀྱི་འཕོ་འགྱུར་ཆེན་པོ་ཐེབས་ཏེ་བཅུད་སེམས་ཅན་ལའང་དེ་བཞིན་ནད་དང་། མུག་གེ། དམག་འཁྲུག་སོགས་འབྱུང་བ། དེ་དག་འབྱུང་རྐྱེན་ནི། ཁོར་ཡུག་གི་ཆ་ཤས་དེ་དག་རེ་རེ་བཞིན་བདག་དབང་བྱེད་བཞིན་པའི་ཀླུ་དང་། གཉན། ས་བདག་གྲངས་ལས་འདས་པ་ཡོད་པས་མི་རྣམས་ཀྱིས་ཐབ་གཞོབ་དང་། ས་རྐོས། རྡོ་སློག་པ། ས་འོག་ནས་རིན་པོ་ཆེའི་རིགས་འདོན་པ། ཤིང་བཅད་པ། ཆུ་གང་བྱུང་དུ་འདྲེན་པ། ས་གང་བྱུང་ལ་ཞིང་ཁ་བཟོས་པ། གད་སྙིགས་རིགས་གང་བྱུང་དུ་གཡུག་པ། གཅན་གཟན་དང་རི་དྭགས་སེམས་ཅན་འདྲ་མིན་བསད་པ། གཟའ་སྐར་ངན་པ་ལ་རོ་བསྐྱལ་བ་བཅས་ལ་རྟེན་ནས་ཁོར་ཡུག་ལ་གནས་པའི་ལྷ་དང་། ཀླུ། ས་བདག གཉན། གཏོད་རྣམས་ཀྱི་ཡུལ་འཕྲོག་པ་དང་། གནས་གཤིགས་པ། ཡན་ལག་བཅག་པ། ནོར་བསད་པ། འགྲོ་ལམ་བཀག་པ་སོགས་བྱས་པས་གཙང་རིགས་ལྷ་རྣམས་ཡལ་བ་དང་། ཀླུ་གཉན་ས་བདག་འགའ་རེ་གནས་གཞན་སྤོས་པ་དང་། འགའ་རེས་ཆོ་འཕྲུལ་བསྟན་པ། འགའ་རེས་ནད་རིགས་འདྲ་མིན་བཏང་བ་སོགས་བྱས་ནས། ས་བཅུད་ཉམ་པ་དང་། ཆར་ཆུ་དུས་སུ་མི་འབབ་པ། ཡུལ་དུ་ཆུ་ལོག་འབྱུང་བ། རི་ཉིལ་བ། ས་བརྡིབ་པ། ནད་རིགས་འཕེལ་བ་སོགས་སྣོད་བཅུད་གཉིས་ཀར་མི་བདེ་བ་བྱུང་དང་འབྱུང་བཞིན་ཡོད་པས་རང་རང་གནས་སའི་ཁོར་ཡུག་ལ་གཏོར་སྐྱོན་དང་། འབག་གཙོག་མི་ཤོར་བར་བདག་གཅེས་བྱེད་དགོས་པ་དང་། གཏོར་སྐྱོན་ཐེབས་པ་དང་། འབག་གཙོག་ཤོར་བ་རྣམས་བསྐྱར་གསོ་བྱེད་ནས་ཀླུ་གཉན་ས་བདག་ལ་འགྱོད་བཤགས་ཕུལ་ནས་བསང་གསོལ་དང་། ཀླུ་འབུམ་བསྒྲོག་པ། ཚྭ་ཚྭ་གདབ་པ། ཆུ་གཏོར་འདོན་པ། ཀླུ་གཉན་ས་བདག་གི་སྤང་སྐོང་བསྒྲོག་པ། བུམ་གཏེར་སྦས་པ་སོགས་དགོས་པ་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་དང་། ས་བདག་ཀླུ་གཉན་གྱི་སྤང་སྐོང་། གསེར་འོད་ནོར་བུ་འོད་འབར་སོགས་ལས་གསར་པོར་གསུངས་ཡོད།
དངོས་གཙོ་བའམ། ཚན་རིག་པས་ཀྱང་ས་གཏེར་གང་བྱུང་སྔོག་འདོན་དང་། ཤིང་ནགས་གང་བྱུང་གཅོད་འབྲེག་བྱས་པ་སོགས་ཀྱིས་རྐྱེན་པས་ཡུལ་གྱི་ས་བཅུད་ཉམས་ནས་བྱེ་ཐང་དུ་གྱུར་པ་དང་། འགའ་རེར་ཆུ་ལོག་དང་རི་ཉིལ་བཅས་ཡོང་གི་ཡོད་པ་མ་ཚད་གད་སྙིགས་གང་བྱུང་གཡུགས་པའི་རྐྱེན་གྱིས་ནད་རིགས་འཕེལ་བ་སོགས་སྐྱེ་འགྲོ་འཚོ་སྡོད་ལ་གནོད་ཚབས་ཤིན་ཏུ་ཆེ་བར་བཤད་ཀྱིན་ཡོད།
འོན་ཀྱང་ཁོང་ཚོས་གཟུགས་མེད་པའི་ཀླུ་གཉན་ས་བདག་རིགས་ཡོད་པ་ཞིག་མི་འདོད་པས་དེ་དག་སྡོད་མ་བདེ་བའི་ཆོ་འཕྲུལ་ཞིག་དེ་བས་མི་འདོད་དོ།།
དེས་ན་ཁོར་ཡུག་ནི། རང་རང་འཚོ་བའི་མཐུན་རྐྱེན་དང་། ལུས་སེམས་གཉིས་ཀའི་ཁམས་དང་འབྲེལ་བ་ཆེ་བས་མི་ཚེ་སྐྱིད་པོ་ཞིག་དང་རིང་པོ་གནས་པ་ལ་ཁོར་ཡུག་ལེགས་པོ་ཞིག་ཡོད་དགོས་པར་གལ་འགངས་ཤིན་ཏུ་ཆེ་བས་ངེས་པར་དུ་མི་རེའི་ངོས་ནས་སོ་སོ་གནས་སྡོད་བྱེད་སའི་ཉེ་འཁོར་དང་། མང་ཚོགས་འགྲོ་སྡོད་བྱེད་སའི་གནས་གཞི་གང་དུའང་། གཏོར་སྐྱོན་མ་ཐེབས་པ་དང་། ཟས་གོས་སྙིགས་རྙིང་། ཤེལ་དང་ཀ་ཡོལ། མངར་རྫས་རིགས་ཀྱི་ཤུན་པ་འགྱིག་དང་ཤོག་རིགས་གང་བྱུང་དུ་མི་གཡུག་པ། གསང་སྤྱོད་མིན་པའི་ཉེ་འཁོར་དུ་བཙོག་གཅིན་མི་གཏོང་བ། དེ་བཞིན་ཤིང་ནགས་གཅོད་འབྲེག་མི་བྱེད་པ། བྱ་གཅན་རི་དྭགས་རིགས་མི་གསོད་པ། ལྷག་པར་དུ་ས་འོག་ནས་རིན་པོ་ཆེ་རིགས་བཏོན་རྒྱུ་བཀག་སྡོམ་བྱས་ནས་འགྲོ་བ་མི་དང་། སྐྱེ་འགྲོ་ཐམས་ཅད་ལ་ཞི་བདེ་དང་། ཡིད་དུ་འོང་བའི་ཁོར་ཡུག་ཅིག་བསྐྲུན་ཐབས་བྱེད་དགོས་སོ།
མཆེད་གྲོགས་དགེ་བཤེས་ཉི་ཟླ་འོད་ཟེར་རྒྱལ་མཚན་མཆོག་གིས་བཀས་བསྐུལ་ལྟར་ལྷ་ཐོག་དགེ་བཤེས་ཤེ་ཙུ་རྒྱ་མཚོས་ ༢༠༡༤། ༥། ༢༤། ཉིན་(གཤེན་བསྟན་གླེང་སར་)བགྲོ་གླེང་དུ་ཕུལ་བ་རྗེས་སུ་ཅུང་ཙམ་བསྐྱར་བཅོས་བྱས་ཡོད། ཐ་ཚན་མུ་གཙུག་སྨར་རོ།