གཡུང་དྲུང་བོན་ལུགས་ཀྱི་འཁོར་ལོ་རིན་པོ་ཆེ་ཡི་མཚོན་དོན་གང་ཡིན་ནམ།
བཀའ་འདྲི་ཞུ་མཁན། སྤྱི་ཁྱབ་རྩོམ་སྒྲིག་པ། བཀའ་ལན་གནང་མཁན། ༧སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ།
དྲི་བ། གཡུང་དྲུང་བོན་ལུགས་ཀྱི་འཁོར་ལོ་རིན་པོ་ཆེ་ཡི་མཚོན་དོན་གང་ཡིན་ནམ།
ལན། རྒྱལ་བའི་བཀའ་དང་དེ་ལ་བརྟེན་ནས་ཐོབ་པའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་བོན་མཐུན་པའི་རྒྱུ་མཚན་དང་འཁོར་ལོ་རིན་པོ་ཆེའི་མཚོན་དོན་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་དང་ཀུན་མཁྱེན་ཉི་མའི་དགོངས་དོན་ལྟར་འཆད་ན་འདི་ལྟར་ཏེ། སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ་ལས། རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ལ་བརྟེན་པར་བྱེད་པའི་ལྟེ་བ་དང་། གཅོད་པར་བྱེད་པའི་རྩིབས་དང་། བསྡུད་པར་བྱེད་པའི་མུ་ཁྱུད་དང་གསུམ་ཡོད་པ་བཞིན་དུ། ལུང་གི་བོན་འཁོར་གྱི་རྗོད་བྱེད་རྒྱུད་ལུང་མན་ངག་གསུམ་ནི་ལྟེ་བ་དང་བོན་མཚུངས། སྟོན་པའི་ཐུགས་རྒྱུད་ཀྱི་ཚད་མེད་པ་བཞི་དང་རྒྱུན་གནས་ཐུགས་རྗེ་བཞི་ནི་རྩིབས་དང་བོན་མཚུངས། བརྗོད་བྱ་དྲང་དོན་ཀུན་རྫོབ་དང་ངེས་དོན་དོན་དམ་གྱིས་བསྡུས་པ་ནི་མུ་ཁྱུད་དང་བོན་མཚུངས་པའི་ཕྱིར། དེ་ལ་བརྟེན་ནས་ཐོབ་པའི་རྟོགས་པའི་བོན་འཁོར་ས་ལམ་གྱི་ཡོན་ཏན་ཀྱང་། བསླབ་པ་རྣམ་པ་གསུམ་དང་སྤང་བའི་ཡོན་ཏན་རྣམས་སུ་འདུས་ལ། དེ་ཡང་ཚུལ་ཁྲིམས་ནི་ལྟེ་བ་དང་། ཏིང་ངེ་འཛིན་ནི་མུ་ཁྱུད་དང་། ཤེས་རབ་དང་འགོག་བདེན་ནི་རྩིབས་དང་མཚུངས་པར་སྐྱེ་བའི་ཕྱིར་ཏེ། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། རྒྱུད་ལུང་མན་ངག་ལྟེ་འབུར་ལ། ཚད་མེད་ཐུགས་རྗེའི་རྩིབས་བརྒྱད་ལྡན། བདེན་པ་གཉིས་ཀྱི་མུ་ཁྱུད་བཅས། སྣོད་བཅུད་འཁོར་འདས་དོན་འགྲེལ་ཞིང་། ས་ལམ་འབྲས་བུ་དོན་རྫོགས་པས། སྣོད་ལྡན་རྣམས་ཀྱིས་འདི་སྦྱོང་ཞིག། ཞེས་གསུངས་པ་ལྟར།
རྗོད་བྱེད་རྒྱུད་ལུང་མན་ངག་གསུམ་ནི་འཁོར་ལོའི་ལྟེ་བ་དང་མཚུངས་ལ། འཁོར་ལོ་རིན་པོ་ཆེའི་ལྟེ་བ་འདི་ནི་རྗོད་བྱེད་རྒྱུད་ལུང་མན་ངག་གསུམ་མཚོན་པར་བྱེད་པ་ཡིན་ནོ། སྟོན་པའི་ཐུགས་རྒྱུད་ཀྱི་སྙིང་རྗེ་ཚད་མེད། བྱམས་པ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་དང་བཞི། དེའི་སྟེང་རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུའི་ཐུགས་རྗེ། ཟད་པ་མེད་པ་ས་གཞི་ལྟ་བུའི་ཐུགས་རྗེ། ཀུན་ལ་སྙོམས་པ་ཉི་མ་ལྟ་བུའི་ཐུགས་རྗེ། དཔག་ཏུ་མེད་པ་ནམ་མཁའ་ལྟ་བུའི་ཐུགས་རྗེ་དང་བཞི་སྟེ་བརྒྱད་པོ་འདི་རྣམས་འཁོར་ལོའི་རྩིབས་བརྒྱད་དང་མཚུངས་པ་ཡིན་ལ། འཁོར་ལོའི་རྩིབས་བརྒྱད་ཀྱི་མཚོན་དོན་ཡང་ཚད་མེད་བཞི་དང་རྒྱུན་གནས་ཐུགས་རྗེ་བཞི་སྟེ་བརྒྱད་པོ་འདི་རྣམས་ཡིན་ནོ། བརྗོད་བྱ་དྲང་དོན་ཀུན་རྫོབ་གྱིས་བསྡུས་པ་དང་ངེས་དོན་དོན་དམ་གྱིས་བསྡུས་པ་རྣམས་འཁོར་ལོའི་མུ་ཁྱུད་དང་མཚུངས་པ་ཡིན་ལ། འཁོར་ལོའི་མུ་ཁྱུད་ཀྱི་མཚོན་དོན་ཡང་བརྗོད་བྱ་དྲང་ངེས་གཉིས་སོ། །གཞན་ཡང་བསླབ་པ་གསུམ་ལ་སྦྱར་ན། ཚུལ་ཁྲིམས་ནི་འཁོར་ལོའི་ལྟེ་བ་དང་མཚུངས་ལ། ཤེས་རབ་དང་འགོག་བདེན་ནི་འཁོར་ལོའི་རྩིབས་དང་མཚུངས། ཏིང་ངེ་འཛིན་ནི་མུ་ཁྱུད་དང་མཚུངས་པར་གསུངས་སོ། །
སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས།