གཡུང་དྲུང་བོན་ལ་གཡུང་དྲུང་ཞེས་འདོགས་གོ་དོན་གང་ཡིན།
རྩོམ་བྲིས་པ། འདི་གའི་རྩོམ་སྒྲིག་པ་དགེ་ལྷུན་གྲུབ། དྲི་བ་གཏོང་མཁན། ཚ་བའི་འཕྲུལ་མདའ།
དྲི་བ། གཡུང་དྲུང་བོན་ལ་གཡུང་དྲུང་ཞེས་འདོགས་གོ་དོན་གང་ཡིན།
ལན། སྤྱད་ཅིང་ཉམས་སུ་ལེན་པ་ལ་བརྟེན་ནས་ལུས་ཅན་གྱིས་སྡུག་བསྔལ་སྐྱོབས་པའི་ཐབས་སུ་གྱུར་པའི་སྟོན་པ་གཤེན་རབ་གྱིས་བསྟན་པའི་བོན། དེ་ལ་གཡུང་དྲུང་བོན་ཞེས་པའི་དོན་ནི་བདེན་གཉིས་ཟུང་དུ་འབྲེལ་བའམ་ཐབས་ཤེས་ཟུང་དུ་འབྲེལ་བའི་དོན་དེ། དེ་ཡང་གཞི་ལམ་འབྲས་གསུམ་ལ་སྦྱར་ན། གཞིའི་ཆ་ནས་དོན་དམ་སྐྱེ་བ་མེད་པས་གཡུང། ཀུན་རྫོབ་འགག་པ་མེད་པས་དྲུང་། དེ་གཉིས་ཟུང་དུ་འབྲེལ་བས་བོན། ཡང་ལམ་གྱི་ཆ་ནས། ཤེས་རབ་སྐྱེ་བ་མེད་པས་གཡུང། ཐབས་འགག་པ་མེད་པས་དྲུང། ཟུང་དུ་འབྲེལ་བས་བོན། འབྲས་བུའི་ཆ་ནས་བོན་སྐུ་སྐྱེ་བ་མེད་པས་གཡུང། གཟུགས་སྐུ་འགག་པ་མེད་པས་དྲུང་། གཉིས་མེད་ཟུང་དུ་འབྲེལ་བས་བོནཡིན་པས་ན་གཡུང་དྲུང་བོན་ཅེས་སོ། །