གཡུང་དྲུང་བོན་གྱི་ལུགས་ལ་བསྒྱུར་ལམ་གསང་སྔགས་ཀྱི་ཐེག་པ་ཟེར་ན་གང་རེད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
དྲི་བ། གཡུང་དྲུང་བོན་གྱི་ལུགས་ལ་བསྒྱུར་ལམ་གསང་སྔགས་ཀྱི་ཐེག་པ་ཟེར་ན་གང་རེད།
ལན། དེ་ནི་གཙོ་བོར་གདུལ་བྱ་དབང་པོ་འབྲིང་རྣམས་ལ་ལྟོས་ཏེ་ཉོན་མོངས་པ་རྣམས་མཚན་བཅས་དགྲ་རུ་བཟུང་ནས་ཕར་མི་སྤོང་བར་དེ་དག་གཉེན་པོའི་ངོ་བོར་ཚུར་བསྒྱུར་བའམ་མཐར་ཐུག་འབྲས་བུ་བསྒྲུབ་པའི་མཐུན་རྐྱེན་དུ་དམིགས་པས་ན་བསྒྱུར་ལམ་དང་། ལྟ་བ་ནི་སེམས་ཉིད་མ་བཅོས་པའི་རང་བཞིན་གནས་ལུགས་རང་འབྱུང་ཡེ་ཤེས་ཞེས། ཤེས་པའི་ཡུལ་ལས་འདས་པ་སྟོང་པ་རང་གསལ་གྱི་སྙིང་པོ་ཅན་དེ་ཉིད་ལས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་དག་གཞི་ལམ་མ་འགག་འབྱུང་རུང་གི་ཐ་སྙད་བྱེད་པའི་སྒོ་ནས། གྲོགས་རིམ་གཉིས་ཀྱི་འབད་རྩོལ་རྒྱུ་རྐྱེན་གྱི་རྩོལ་བ་རགས་པར་ལྟོས་ནས་གྲུབ་མི་དགོས་པར། ཡིན་པ་ལ་ཡིན་པ་ངོ་ཤེས་པའི་ཚུལ་གྱིས་འབྲས་བུ་སྐུ་གསུམ་སྒྲུབ་པར་བྱེད་པ་ཡིན། གཞུང་ནི། རྣལ་མ་ཞི་བ་དང། བསྒྱུར་བ་ཁྲོ་བོ། སྐྱེ་འགག་མེད་པའི་མ་མོ། བདག་གཞན་རྒྱུད་ཁྲོལ་ཕུར་པ། རྣམ་རྟོག་འཇོམས་པ་བདུད་རྩི། འགྱུར་བ་མེད་པ་ཚེ་སྒྲུབ་སོགས་ནང་གསང་བ་སྔགས་ཀྱི་བཀའ་དྲུག་གིས་མཚོན་གྲངས་མང་བཞུགས།།