གཡུང་དྲུང་བོན་གྱི་ལུགས་ལ་རྒྱུ་རྩལ་མི་སྣ་དེ་འདྲ་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྤྱི་བོན་ཁམས་ཡོངས་སུ་རིག་པའི་གནས་ལྔའི་ནང་ཚན་བོན་གྱི་བཟོ་རིག་པའི་ཁོངས་སུ་བྱང་ཆུབ་པའི་རྒྱུ་རྩལ་མི་སྣ་མང་པོ་བྱུང་ཡོད་ལ། དེའང་ཁྱུང་ལུང་དངུལ་མཁར་དང་གུ་གེའི་གནའ་ཤུལ། བོད་མཁར་ཐོག་མ་ཕྱིང་བ་སྟ་རྩེ་དང་ཡུམ་བུ་བླ་མཁར། སོགས་ལ་གཞིག་ན་སྔ་མོའི་དུས་ནས་བོན་ལུགས་ཀྱི་གསས་ཁང་སོགས་ཁང་བཟོའི་རྒྱུ་རྩལ་མི་སྣ་གང་མང་ཞིག་ཕེབས་ཡོད་པར་ཤེས་ཐུབ། དེ་བཞིན་ཡིག་བྲིས་རྒྱུ་རྩལ་བ་དང་ལྷ་བཟོའི་རྒྱུ་རྩལ་བ་སོགས་མང་པོ་ཞིག་ཕེབས་ཡོད། དཔེར་ན། མདོ་ཁམས་ལྗོངས་སུ་གྲགས་ཆེ་བའི་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་སོགས་ནི་གཞུང་ལུགས་ཀྱི་སྐྱེས་བུ་དམ་པ་ཡིན་ཁར་ཕྱག་བཟོའི་སྒྱུ་རྩལ་ལའང་བྱང་ཆུབ་པ་ཡིན་འདུག་སྟེ། ཁོང་གིས་བྲིས་པའི་ཁམས་ཆེན་གསེར་བྲིས་མ་དང་། དཀར་མོ་སྲིད་རྒྱལ་གྱི་ཞལ་འབག་སོགས་གནའ་དེང་མཇལ་ཡུལ་དུ་བཞུགས་ཡོད། དེ་བཞིན་ཕྱིས་དུས་སུ་བོད་ལྗོངས་ཁུལ་ཙམ་མ་ཟད་རྒྱལ་ཕྱི་ནང་ཡོངས་སུ་སྐད་གྲགས་ཡོད་པའི་བོན་པོའི་ལྷ་བྲིས་རྒྱུ་རྩལ་བ་ལྡོང་མདོ་ཚེ་རིང་གཡང་འཕེལ་སྐུ་གཤེགས་དམ་པ་དང་། ཁོང་གི་རྗེས་འཛིན་བོད་ལྗོངས་ལྡོང་ལུགས་རི་མོའི་ལྷ་བྲིས་སྒྱུ་རྩལ་བ་གྲགས་ཆེན་ནོར་བུ་གཡུ་རྒྱལ་སོགས། དེ་བཞིན་ཡིག་བྲིས་ལ་མགར་བྲིས་དང་། ཁྱུང་བྲིས་སོགས་ཀྱི་ཕུལ་བྱུང་མི་སྣ་བྱུང་དང་འབྱུང་བཞིན་པ་དང་། གཞན་ཡང་གླུ་གཞས་དང་འཁྲབ་སྟོན་སྒྱུ་རྩལ་ལ་སྐད་གྲགས་ཡོད་པའི་གངས་ལྗོངས་སྟག་ཤར་ཕུར་པ་སྐྱབས་དང་། རྔ་ལྗོངས་ཁུ་བྱུག་སྔོན་མོ་གྲགས་བྷེ། རང་རིགས་ཀྱི་རིག་གཞུང་དང་མི་རིགས་ལ་གདུང་བ་ཟབ་པའི་གླུ་བ་དགེ་བྷེ་སོགས་སྒྱུ་རྩལ་བ་གང་མང་ཞིག་ཕེབས་མྱོང་དང་ཕེབས་བཞིན་ཡོད། །