གཡུང་དྲུང་བོན་གྱི་ལུགས་ལ་སྨན་བཙུན་གྲགས་ཆེན་ཇི་ལྟར་ཡོད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། མཛད་རྗེས་ཆེ་བའི་བུད་མེད་དམ་སྨན་བཙུན་གྲགས་ཅན་ནི། དེ་ཡང་འདུལ་རྒྱུད་འཛིན་པའི་བུད་མེད་སྟོན་པ་ཞལ་བཞུགས་པའི་དུས་སུ་གཤེན་གཟའ་ནེའུ་ཆེན་དང་ནེའུ་ཆུང་། ཧོས་དང་བ་ཡི་རིང་གི་སྲས་མོ་ཧོས་གཟའ་རྒྱལ་མེད་མ་དང་། དཔོ་རྒྱལ་འབར་བའི་སྒྲོན་མེའི་སྲས་མོ་དཔོ་གཟའ་ཐང་མོ། ཀོང་རྗེ་དཀར་པོའི་སྲས་མོ་ཀོང་གཟའ་ཁྲི་ལྕམ་སོགས་གཙང་གཙུག་དང་དྲང་སྲོང་ལ་སོགས་ཕྱི་སོ་ཐར་གྱི་སྒོར་ཞུགས་པའི་བུད་མེད་དང་། ནང་གསང་སྔགས་ཀྱི་སྒོ་ནས་གྲུབ་པ་མཉེས་པའི་བོན་མོ་རྫུ་འཕྲུལ་མ་དགུ་ལ་སོགས་དང་། ཁྱད་པར་དུ་རྫོགས་པ་ཆེན་པོའི་རྣལ་འབྱོལ་མ་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དགོངས་མཛོད་རི་ཁྲོད་ཆེན་པོའི་སློབ་མ་འོ་ཡུག་སྒོ་ལུང་གི་ཇོ་མོ་རྒྱལ་མོས་མཚོན་པའི་ཕྱི་དར་བསྟན་པའི་སྲོལ་འཛིན་དམུ་རིགས་གཤེན་དང༌། རྒྱལ་བ་བྲུ། དབང་ལྡན་ཞུ། གྲུབ་ཐོབ་སྤ། མཁས་པ་རྨེའུ། དམ་པ་ཁྱུང༌། སོགས་ཀྱི་རྒྱུད་པ་འཛིན་པའི་རྣལ་འབྱོལ་མ་བསམ་ལས་འདས་པ་བྱུང་ཡོད། །