གཡུང་དྲུང་བོན་གྱི་ལུགས་ལ་དཔྱད་པྲ་ལྟས་སྐོར་ཇི་ལྟར་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྟོན་པས་རང་གི་སྲས་དཔྱད་བུ་ཁྲི་ཤེས་ལ་གཉེར་དུ་གཏད་པའི་བདུད་རྩི་མུ་ཏྲིའི་གཞུང་ཆེན། བདུད་རྩི་འཁོར་ལོ་ཆེན་པོ། བདུད་རྩི་བང་མཛོད་འབུམ་བཞི། བདུད་རྩི་ཡིད་བཞིན་ནོར་བུ། བདུད་རྩི་གཟའ་ཀླུ་བཅོས་ཐབས། བདུད་རྩི་དམར་བྱང་ཐེམ་བྱང་། བདུད་རྩི་ཤེལ་དཀར་མེ་ལོང་། བདུད་རྩི་དཔག་བསམ་ལྗོན་ཤིང་། བདུད་རྩི་གདམས་ངག་འཕྲུལ་གྱི་མདོ་དང་དགུ་བཅས་ བདུད་རྩི་དཔྱད་ཀྱི་མདོ་དགུ་དང་། རྩ་བ་ཐུག་འབུམ་མཁའ་སྔོན། གསོ་བྱེད་སྨན་འབུམ་དཀར་པོ། གསོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་བྱའི་ནད་འབུམ་ནག་པོ་བཅས་གསོ་རིག་འབུམ་བཞི་སོགས་སྨན་དཔྱད་བརྒྱད་ཁྲི་བཞི་སྟོང་གསུངས་པ་རྣམས་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ཞི་བར་མཛད་པ་དང་། ནད་རླུང་དང་། མཁྲིས་པ། བད་ཀན། འདུ་བ་བཞི་རེ་རེ་ལ་གཉེན་པོ་དཔྱད་ཉིས་ཁྲི་དང་གཅིག་སྟོང་སྟེ། དཔྱད་བརྒྱད་ཁྲི་བཞི་སྟོང་གཏན་ལ་ཕབས་པ་ཡིན་ནོ། ད་དུང་ས་དཔྱད་དང་ཡུལ་དཔྱད། མིའུ་བརྟག་ཐབས་སོགས་དང་།
དེ་བཞིན་པྲ་ལྟས་མོ་ཡི་སྐོར་ལ། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག ཡེ་མཁྱེན་དགྲ་བླའི་མངོན་ཤེས། ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷ་ཡི་བཀའ་བབས་ཏེ་གཙོ་བོར་རྣམ་པ་བཞི་རུ་གསུངས་པའི་ནང་ནས་ཞང་ཞུང་ཇུ་ཐིག་དང་གབ་ཙེའི་ཆོ་ལོ་སོགས་ལེགས་ཉེས་བརྟག་ཐབས་ཤིན་ཏུ་མང་པོ་ད་ལྟར་མཇལ་ཡུལ་ཡོད། །