གཡུང་དྲུང་བོན་གྱི་ལུགས་ལ་རྩོམ་རིག་དར་རྒྱས་ཇི་ལྟར་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། རྩོམ་རིག་ཐད་བརྡ་སྤྲོད་དང་། སྙན་ངག སྒྲ་སྡེབ་སྦྱོར་སོགས་ལ་མཚོན་ན། བོན་གྱི་གཞུང་ཆེན་མ་རྒྱུད་དང་འབུམ་སྡེ་རྣམས་ནས་བོན་གྱི་བརྡ་སྤྲོད་ཀྱི་སྦྱོར་བ་ཇི་སྙེད་ཅིག་གསུངས་ཡོད་ལ། དེ་བཞིན་ཁྲི་ཀ་བ་ཀུན་བཟང་རྒྱལ་མཚན་དང་མཁན་ཆེན་ཉི་མ་སོགས་ཀྱིས་གོང་གི་རྒྱལ་བའི་བཀའ་དང་བཀའ་བརྟེན་དེ་དག་ལ་གཞི་བཅོལ་ཏེ་བརྡ་སྤྲོད་ཀྱི་གཞུང་དང་ཆ་ལག་མང་པོ་ཞིག་བརྩམས་ཡོད།
སྙན་ངག་གི་འགྲོས་དང་སྦྱོར་ཚུལ་རྣམས་ནི་སྟོན་པ་ཞལ་བཞུགས་པའི་སྐབས་སུ་ནས་ཡོད་ངེས་ཏེ་དཔེར་ན། རྒྱལ་བུར་བཀའ་ཁྲིམས་རྩལ་བའི་མདོ་གཅིག་པུར་གཟིགས་ན་མཁྱེན་ངེས། དེ་དང་ཆབས་ཅིག་བོད་གངས་ཅན་ལྗོངས་སུ་ད་ལྟར་མཇལ་ཡུལ་དུ་གྱུར་པའི་བོན་གྱི་སྙན་གཞུང་ཐོག་མའི་གྲལ་དཔེར་ན། ཕྱི་ལོའི་དུས་རབས་བདུན་པའི་མཇུག་ཏུ་བྱོན་པའི་གཙང་གཤེན་དགོངས་པ་རང་གྲོལ་གྱིས་མཛད་པའི་གཙང་གཤེན་སྙན་ངག་༼སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་༽ཞེས་པ་ལེའུ་ལྔ་ཡི་བདག་ཉིད་ཅན་སོགས་ཀྱིས་མཚོན་ཇི་སྙེད་ཅིག་ཡོད།
སྒྲ་སྡེབ་སྦྱོར་ཐད། སྲིད་པའི་མཛོད་ཕུག་དང་ཤ་རིའི་སྒྲ་མདོ་སོགས་ཀྱིས་མཚོན་ཞང་བོད་ཀྱི་སྒྲ་ཡི་སྡེབ་ཚོགས་མང་དག་ཅིག་ཡོད་ཚོད་ལ་མཇལ་ཡུལ་དུ་འགའ་ཞིག་བཞུགས། གོང་གི་བོན་གཞུང་ལ་ཡོད་པའི་སྒྲ་སྡེབ་སྦྱོར་དང་། དག་སྙན་ངག་གི་གཞུང་དེ་དག་ལ་གཞི་བཅོལ་ཏེ་མཁས་མང་རྣམས་ཀྱིས་བརྩམས་པའི་གསུང་དཔེ་དང་རྩོམ་རིག་ཀྱང་ཤིན་ཏུ་མང་།