གཡུང་དྲུང་བོན་གྱི་ལུགས་ལ་ལེགས་བཤད་གསུང་འབུམ་སོགས་ཇི་ལྟར་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྤྱིར་སངས་རྒྱས་དང་གཡུང་དྲུང་སེམས་དཔའ་སེམས་མ་རྣམས་ཀྱིས་གསུངས་པའི་ལེགས་བཤད་དང་གསུང་འབུམ་ཇི་སྙེད་ཅིག་ཡོད་ནའང་། ལེགས་བཤད་ཅེས་པའི་མཚན་དུ་བརྒྱན་པ་ནི། སྨན་རིའི་མཁན་ཆེན་སྐུ་མདུན་བསོད་ནམས་གཡུང་དྲུང་མཆོག་གིས་མཛད་པའི་༼ལེགས་བཤད་ལམ་གྱི་རིམ་པ་ཞེས་བྱ་བ་ཚིག་བར་བདུན་ལ་ཤད་བར་དུ་བགྱིས་པ་ཤོ་ལོ་ཀ་དྲུག་ཅུ་རྩ་བརྒྱད་པ་༽ དང་། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་ལེགས་བཤད་ཀེ་ཏ་ཀ། ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་༼ལུགས་གཉིས་ཀྱི་སྤྱོད་པ་ལ་འཇུག་ཐབས་བླང་དོར་དཔྱད་ཀྱི་མེ་ལོང་།༽ སོགས་དུ་མ་ཞིག་ཡོད། དེ་བཞིན་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་འབུམ་ལའང་། དཔེར་མཚོན་ཙམ་ཞུས་ན། འཇའ་ལུས་འོད་སྐུར་བཞེངས་པའི་ཤར་རྫ་བཀྲིས་རྒྱལ་མཚན་གྱི་གསུང་འབུམ། དཔལ་ལྡན་སྨན་རིའི་མཁན་རབ་དང་པོ་རྗེ་མཉམ་མེད་ཆེན་པོའི་གསུང་འབུམ། ༸རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོ་དཔོན་སློབ་བསྟན་འཛིན་རྣམ་དག་མཆོག་གི་གསུང་འབུམ་སོགས་ཀྱིས་མཚོན་བྱིན་རླབས་ཀྱི་ཚན་ཁ་མ་ཡར་བའི་གསུང་འབུམ་མང་དག་ཅིག་མཇལ་ཡུལ་དུ་བཞུགས།།