གཡུང་དྲུང་བོན་གྱི་ལུགས་ལ་བཀའ་བརྟེན་འགྱུར་ཇི་ལྟར་ཡོད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་བསྟན་པ་ལ་བརྗོད་བྱ་དོན་གྱིས་བསྡུས་པའི་གཡུང་དྲུང་གི་བོན་དང༌། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་གཉིས་ལས། ཕྱི་མ་ལྟར་རྒྱལ་བའི་གསུང་རབ་དང་དེའི་སྲས་དང་རྗེས་འཇུག་རྣམས་ཀྱིས་བརྩམས་པའི་བཀའ་བརྟེན་རྣམས་ཡིན་ལ། དེའང་རྒྱལ་བའི་བཀའ་ལ་བརྟེན་ནས་བརྩམས་པས་ན་ “བཀའ་བརྟེན་”ཞེས་གསུངས། དེ་དག་ནང་གསེས་དཔོན་གསས་མན་ངག་ལུང་གི་བོན། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན། ཆབ་དཀར་དྲག་པོ་སྔགས་ཀྱི་བོན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་བཅས་བོན་སྒོ་བཞི་མཛོད་ལྔར་འདུས་པའི་གསུང་རབ་དཔེ་ཙེའུ་དེ་དག་ཏ་ཟིག་ནས་ཞང་བོད་ལྗོངས་སུ་རིམ་པར་དར་ཡང་དུས་རྐྱེན་མང་པོ་ཞིག་གིས་ཐེངས་མང་གཏོར་སྐྱོན་དང་ཉམས་རྒུད་བྱུང་། འོན་ཀྱང་གྲུབ་ཐོབ་གོང་མ་རྣམས་ཀྱི་སྨོན་ལམ་གྱི་མཐུས་ད་ལྟའི་བར་འཛམ་གླིང་འཁྱོན་ཡོངས་ཀྱི་རྒྱལ་སྤྱིའི་དཔེ་མཛོད་ཁག་དང་དགོན་སྡེ། དེ་བཞིན་དད་ལྡན་རྣམས་ཀྱི་མཇལ་ཡུལ་དུ་གྱུར་པའི་གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་ཀྱི་གྲངས་ཐོ་ནི།
མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་(༡༨༡༣)༼གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་གྱི་དཀར་ཆག་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་པའི་ཉིན་བྱེད་༽ལྟར། བཀའ་འགྱུར་ལ་པོད་ཏི་བརྒྱ་དང་བཅུ་གསུམ་དང་། བརྟེན་འགྱུར་ལ་པོད་ཏི་ཉིས་བརྒྱ་དང་དགུ་བཅུ་གོ་གསུམ་སྟེ་བསྡོམས་པས་པོད་ཏི་བཞི་བརྒྱ་དང་དྲུག་བཞུགས།།