གཡུང་དྲུང་བོན་གྱི་ལུགས་ལ་ཞྭ་མོའི་རིགས་མི་འདྲ་བ་ཇི་ཙམ་ཡོད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། དེའི་སྐོར་སྟབས་བདེ་ཞིག་ (བོད་ཞྭ་བརྒྱ་ཡི་ངོ་སྤྲོད་) ཅེས་པ་ལས་བསྡུས་འདྲེན་བྱ་ན།
ཞྭ་དཀར་ཁྱུང་ལྡིང་མ།
ཞྭ་འདི་ནི་ ༼ཞྭ་དཀར་གཡུང་དྲུང་བོན་༽ཞེས་རང་རེའི་གྲུབ་མཐའ་ལ་མཚན་གདགས་གཞིའི་ཞྭ་ཞིག་སྟེ། དེ་ཡང་མི་ལོ་གཅིག་ཁྲི་བརྒྱད་སྟོང་གི་སྔོན་ནས་བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་བོན་ཐེག་པ་རིམ་དགུ་བསྟན་ལ་དབབ་སྐབས་རྣམས་སུ་གསོལ་ཞིང༌། དེ་དང་བསྟུན་ནས་ཞྭ་འདི་ལ་མཚན་ཀྱང་ཐེག་པ་རིམ་དགུ་དང་ཞི་རྒྱས་དབང་དྲག་སོགས་ཀྱི་ལས་རིམ་སྣ་ཚོགས་དང་སྦྱར་ཏེ་མང་པོ་གསུངས་འདུག་ཀྱང་ཡོངས་གྲགས་སུ་བོན་ཞྭ་ཁྱུང་ལྡིང་མའམ་ཞྭ་དཀར་ཁྱུང་ལྡིང་མ་ཞེས་བཤད་ཀྱི་ཡོད། རྒྱུ་ནི་གཞི་ཕྱིང་བལ་དང་ཕྱི་གཡོག་རས་ཀྱིས་འཐུས། དེའང་བརྡ་དོན་ནི། གཞི་མ་ཕྱིང་དཀར་ནི་བོན་ཉིད་དྲི་མེད་ཀ་དག་གི་དོན་དང༌།
ཕྱི་གཡོག་དཀར་པོ་ནི་རང་བཞིན་ལྷུན་གྱིས་རྫོགས་པའི་དོན། རྒྱབ་ཕྱོགས་ཚུར་ལ་གཞོལ་བ་ནི། བོན་ལ་མོས་གུས་བྱེད་པའི་དོན་དང༌། མདུན་ཕྱོགས་དགྱེ་ཞིང་བརྗིད་པ་ནི། འཁོར་བ་ལ་ཞེ་ལྡོག་ཅིང་བསྟན་པའི་དབུ་འཕང་བསྟོད་པའི་བརྡ་དང༌། རྩེ་རྒྱལ་སྟོང་པ་ཡོད་པ་ནི། སྟོང་ཉིད་ཐེག་ཆེན་རྟོགས་པའི་དོན་དང༌། གཡས་གཡོན་ཁྱུང་གཤོག་བརྐྱང་བ་ནི། སྲིད་གསུམ་སྤྱི་རྒྱ་གཅོད་པའི་དོན་དང༌། མཐའ་རས་དམར་པོ་བྱེད་ནི། བསྟན་པ་མེ་ལྟར་འབར་བའི་དོན་དང༌། མཐའ་ཆར་ནག་པོ་སྤྲས་པ་ནི། བདུད་སྲིན་བསྐལ་མཐར་བསྐྲད་པའི་དོན་དང༌། ཁ་དོག་ལྔ་ཡི་རྒྱལ་མཚན་བཙུགས་པ་ནི། འབྱུང་བ་ལྔ་ལ་རང་དབང་ཐོབ་པའི་དོན་དང༌། གསེར་གྱི་གཡུང་དྲུང་གིས་བརྒྱན་པ་ནི། གཡུང་དྲུང་བོན་ལ་འགྱུར་བ་མེད་པའི་དོན་སོགས་མདོར་ན་ཆེ་བའི་ཡོན་ཏན་བརྡ་དོན་བཅོ་བརྒྱད་གསུངས་ཡོད་ཀྱང་ད་ལན་འགོད་གཞི་དང་བསྟུན་ཏེ་དེ་ཙམ་ཞུ།
པད་ཞུ།
སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་གེགས་བྱེད་པའི་མ་དག་ཁྱིམ་པའི་རྟགས་རྣམས་དོར་ཏེ། ཡང་དག་རྨད་དུ་བྱུང་བའི་གོས་འཆང་དགོས་པའི་དང་པོ་པད་ཞུ་ནི། གཤེན་གྱི་དགེ་སྤྱོད་ལ་འཇུག་པའི་ཞྭ་སྟེ། སྔོན་སྟོན་པ་གཤེན་རབ་མི་བོ་གཤེན་ལོ་སོ་གཅིག་ནས་རྣམ་དག་དཀའ་ཐུབ་ཀྱི་མཛད་པ་དབུ་བཙུགས་པའི་དུས་སུ་ན་བཟའ་གོས་དྲུག་གི་ནང་ནས་ཞྭ་འདི་གསོལ་བ་ཡིན། དེ་ཡང་ཀླད་དུ་སུལ་བུ་ཉི་ཤུ་རྩ་ལྔ་དང་ལྡན་ཞིང༌། གཙུག་དུ་ཚང་བུག་དོད་པ། ཕྱི་རིམ་པད་མ་འདབ་བཞིའམ་ཡང་ན་དྲུག་དང་བརྒྱད་གང་རུང་གིས་སྐོར་བ་ཞིག་དགོས་ཏེ། འདུལ་བ་གསང་ལུང་ལས། པད་ཞུ་སུལ་བུ་རྩ་ལྔ་ནི། རིགས་ལྔ་ལྷ་ཡི་སྐུ་དང་སྦྱར། ཕྱོགས་བཞི་དག་ཏུ་པད་འདབ་བཞི། ནོན་པད་བཞི་ཡིས་མཚམས་བཞིར་མནན། པད་མ་སྤུངས་པ་ལྟ་བུར་བྱ། ཞེས་གསུངས་པ་ལྟར་རོ།། རྒྱུ་ནི་རས་དང་སྣམ་བུ་སོགས་ཏེ་བཟང་ངན་རན་པར་བྱ་དགོས། མདོར་ན་འཁོར་བའི་གནས་ནས་བརྒལ་ཞིང་སྲུང་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་ལྡན་པའི་དག་པ་དྲང་སྲོང་གི་ཞྭ་དང༌། དབྱིབས་པད་མ་སྤུངས་པ་ལྟར་ཡོད་པས་ན་དེ་ལྟར་བྱའོ།།
རིན་པོ་ཆེའི་པྲོག་ཞུ།
དེ་ཡང་ཞྭ་འདི་ལ་དབང་གི་པྲོག་ཞུ་ཡང་ཟེར་ཏེ་བདག་ཅག་གི་སྟོན་པ་དེ་ཉིད་གཤེན་ལོ་གཅིག་བཞེས་ནས་སོ་གཅིག་གི་བར་རྒྱལ་ས་མནན་ནས་རྒྱལ་པོའི་ཆ་ལུགས་ཏེ། དེའང་དབུ་ལ་རིན་པོ་ཆེའི་པྲོག་ཞུ་རྩེ་དགུ་པ་ནི་གསོལ། ཞེས་གསུངས་པ་ལྟར་རྒྱུ་རིན་པོ་ཆེ་གསེར་དངུལ་སོགས་ལས་གྲུབ་པ་དང༌། དབྱིབས་རིགས་ལྔའི་དབུ་རྒྱན་ཚུལ་དུ་ཡོད་པས་པྲོག་ཞུ་ཞེས་འདོད། བརྡ་དོན་ནི། རིན་པོ་ཆེ་ཡི་པྲོག་ཞུ་རྩེ་དགུ་པ་དབུ་རྒྱན་ཚུལ་དུ་བསྐོར་བ་ནི། ཐེག་པ་རིམ་དགུའི་བོན་གྱི་འཁོར་ལོ་སྐོར་ཞིང་འགྲོ་བ་ཐར་པར་འདྲེན་པའི་བརྡ་དང༌། སྤྱི་གཙུག་ཏུ་དར་ལ་སེང་དཀར་པོའི་འགྱིང་ཐོད་བཅིང་བ་ནི། སྟོང་ཁམས་འགྲོ་བ་ཡོངས་ཀྱི་རྒྱལ་པོ་རུ་དབང་བསྒྱུར་ཞིང་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་གཉའ་ནས་མནན་པའི་དོན་དང༌། དེ་ལ་དར་དམར་གྱི་འཛུམ་ཐོད་བཅིངས་པ་ནི་བོན་ཁྲིམས་དར་གྱི་མདུད་པས་བསྡམས་ཞིང་སྐྱོང་བའི་བརྡ་རྟགས་སོགས་ཤིན་ཏུ་མང་བར་སྣང༌།
གཤེན་ཞུ།
འདི་ནི་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོའི་གདུང་རྒྱུད་དྲི་མ་མེད་པའི་དག་པ་གཤེན་གྱི་གདུང་འཛིན་རྣམས་ཀྱིས་གསོལ་བའི་ཞྭ་ཡིན་པའི་ཆ་ནས་གཤེན་ཞུ་ཞེས་བཤད། ལྷག་པར་པར་འདི་ནི་བོད་གངས་ཅན་ཞིང་དུ་ད་ལྟ་གཤེན་རབ་མི་བོའི་གདུང་འཛིན་སྐུ་དངོས་སུ་བཞུགས་པ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་ཡིན། ཞྭ་འདིའི་རྒྱུ་ནི་གོས་ཆེན་དང་ཡང་ན་རྒྱུ་བཟང་གི་རས་སོགས་གང་ལ་གནང་ནའང་འཐུས། བརྡ་དོན་ནི། མདུན་དུ་པད་འདབ་གསུམ་དུ་ཡོད་པ་ནི་སྐུ་གསུམ་ལྷུན་ལ་རྫོགས་ཞིང༌། དུས་གསུམ་འགྲོ་དོན་མཛད་པའི་དོན་དང༌། སྤྱི་གཙུག་རྩེ་རྒྱལ་དུ་དོད་པ་ནི་ལོག་ཚོགས་ཟིལ་གྱིས་གནོན་ཞིང༌། སྟོང་གསུམ་ཁ་ལོ་བསྒྱུར་བའི་བརྡ་དང༌། ཐོག་ཕུབ་རྒྱལ་མཚན་ཏོག་གིས་བརྒྱན་པ་ནི། རྒྱལ་བ་གཤེན་གྱི་བསྟན་པ་འདི་ཉིད་དུས་མཐའི་བར་དུ་མི་ནུབ་འགྲོ་དོན་བྱེད་པའི་བརྡ་རྟགས་སོགས་བརྗོད་ལས་འདས་སོ།།
དཀར་མོ་རྩེ་རྒྱལ།
དེའང་དཀར་མོ་རྩེ་རྒྱལ་ལམ་ཞྭ་དཀར་རྩེ་རྒྱལ་ནི། སྔོན་རིག་འཛིན་རྔམ་པ་ལྕེ་རིང་གིས་མཁས་པའི་སྒྲ་ཚད་རྩོད་དུས་གསོལ་བས། མཁས་ཞྭ་དཀར་མོ་རྩེ་རྒྱལ་ཞེས་སུ་གྲགས་གསུངས་པ་ལྟར། སྤྱིར་འདི་ཉིད་མཁས་པའི་རྩོད་གྲྭར་འགྲིམ་དུས་གྱོན་དགོས་པར་སྣང༌། འོན་ཀྱང་ད་ལྟ་གཙོ་བོ་གསང་སྔགས་ཀྱི་ལས་ཆོག་སོགས་ཀྱི་སྐབས་སྒྲུབ་གཤེན་པས་གསོལ་གྱི་ཡོད། དེའང་རྒྱུ་ནི་བལ་ཕྱིང་གི་ནང་འཚང་དང་ཕྱི་གཡོག་ནི་རས་དཀར་གྱིས་འཐུས། བརྡ་དོན་ནི། སྤྱིར་རྒྱབ་ནས་གཞོལ་ཅིང་མདུན་ནས་དགྱེ་བ་ནི། བོན་ལ་མོས་ཞིང་འཁོར་བ་ལ་ཡིད་ལྡོག་པའི་དོན་དང༌། དཔྲལ་བར་ནོར་བུ་རྩེ་གསུམ་དང་མཐའ་རས་དམར་པོས་གཡོག་པ་སོགས་ནི། མཐར་སྨིན་གྲོལ་གསུམ་གྱི་དོན་རྫོགས་ཤིང་དབལ་མོའི་མ་ཚོགས་ལས་ལ་འཁོར་བའི་དོན་དང༌། ནང་གཡོག་དམར་པོ་བྱེད་པ་ནི་གསང་སྔགས་ཁྲོ་ཚོགས་རྫོགས་པའི་བརྡ་བཤད་སོགས་རྒྱས་པར་ཡོད་ཞུ། །
སྒོམ་ཞུ།
འདི་ཉིད་ཐོག་མར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་རུ་བཞེངས་པའི་བྱ་བྲལ་བ་ྋཤར་རྫ་བཀྲ་ཤིས་རྒྱལ་མཚན་༼༡༨༥༨ ༡༩༣༣༽གྱིས་གསོལ་གནང་ཞིང༌། རྗེས་སུ་ཁོང་གི་རྗེས་འཇུག་བུ་སློབ་རྣམས་ཀྱིས་མནབ་གྱི་ཡོད་ལ། དེའང་གཙོ་བོར་སྒོམ་ཉམས་ལེན་སྐབས་སུ་གསོལ་བའི་རྒྱུ་མཚན་གྱིས་སྒོམ་ཞུ་ཞེས་གསུངས། རྒྱུ་ནི་གཞི་མ་བལ་ཕྱིང་དང་རས་དཀར་དམར་གྱི་ཕྱི་གཡོག་དང་མཐའ་རྒྱན་སོགས་དགོས་ལ། བརྡ་དོན་ནི། སྤྱི་བོར་དར་དཀར་གྱིས་གཡོག་པ་ནི། སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་རྣམ་པར་དག་ཅིང་འགྲོ་བློའི་བག་ཆགས་སེལ་བའི་བརྡ་དང༌། མཐའ་རས་དམར་པོས་གཡོག་པ་ནི་འཁོར་འདས་དམར་ཐག་གཅོད་པའི་དོན་དང༌། དཔྲལ་བར་གཡུང་དྲུང་སྔོན་པོས་བརྒྱན་པ་ནི། ཁུངས་བཙུན་གཤེན་གྱི་བསྟན་པ་འདི་ཉིད་ཇི་སྲིད་བར་མི་ནུབ་འགྲོ་དོན་ཡོང་བའི་བརྡ་སོགས་མཚོན་གྱི་ཡོད།
དར་དཀར་ཅོག་ཞུ།
དེའང་ཞྭ་འདི་ནི་ཕྱི་རྒྱུད་འདོན་ཆོག་སྟ་བོན་སྐབས་སུ། ཆས་གོས་རྣམ་ལྔ་རིན་ཆེན་འོད་དུ་འབར། ཞེས་པའི་ནང་ཚན་དང༌། དགེ་བསྙེན་ཐེག་པའི་ཁོངས་གཏོགས་སྦྱིན་བསྲེག་མེ་ལྷའི་སྐབས་སུ། དར་དཀར་ཅོག་ཞུ་ཕྱག་རྒྱ་གསང་བའི་གོས།། ཞེས་པས། དེ་དག་ལ་སྒྲུབ་གཤེན་པ་རྣམས་ཀྱིས་གསོལ་དགོས་པའི་དབུ་ཞྭ་སྟེ། རྒྱུ་ནི་དར་རས་དཀར་པོ་ཡུག་གཅིག་ལ་ལྟེབས་རྩེག་འགའ་རྒྱབ་པའི་སྣེ་མོ་ག་ཟུང་གིས་མནན་པ་ཞིག་དགོས། དེའང་དར་རས་དཀར་པོ་ཆུང་ངུའི་སྟབས་བདེའི་ཚུལ་དུ་བཅོས་པའི་ཞྭ་ཡིན་པས་ན་དེ་ལྟར་བྱ། བརྡ་དོན་ནི། ཡོངས་སུ་རས་དཀར་ལ་བྱེད་པ་ནི་གཙོ་བོར་དགེ་བསྙེན་ཐེག་པའི་བོན་དང་འབྲེལ་ཞིང་གཙང་སྤྱོད་དྲི་མ་མེད་པ་ཐར་ལམ་གྱི་བརྡ་དང༌། དབུ་རྩེ་གསུམ་དུ་དོད་པ་ནི་སྐུ་གསུམ་མེ་ལྷའི་མཚོན་བྱེད་དང༌། དཀྱིལ་དུ་རྩེ་རྒྱལ་དོད་པ་ནི་ཡེ་ཤེས་ཟང་ཐལ་གྱི་དོན་དང༌། མདུན་རྒྱབ་ཀྱི་ཁ་ཆག་གྱེན་ལ་བསྟན་པ་ནི་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་ཁྱབ་རྒྱ་མཁའ་ལྟར་ཆེ་ཞིང༌། ལྷ་གཤེན་ཁ་ལོ་གྱེན་དུ་བསྒྱུར་བའི་དོན་སོགས་མཚོན་གྱི་ཡོད།
རིགས་ལྔ།
འདི་ནི་སྤྱིར་ནང་ཆོས་འཛིན་པ་ཀུན་ལ་སྣང་ཡང༌། བཤད་སྟངས་མི་འདྲ་བ་རེ་ཡོད་སྲིད་པར་ངེས། དཔེར་ན། རང་རེ་གཡུང་དྲུང་བོན་གྱི་ལུགས་ལ་འདི་ཉིད་གཙོ་བོར་རྣམ་བརྒྱད་གར་མཆོད་ཀྱི་སྐབས་སུ་མཁའ་འགྲོའི་ཆ་རྒྱན་དང༌། གཤིན་འདུར་ཕུང་པོ་བསྲེག་སྦྱོང་སྐབས་སུ་བདེར་གཤེགས་རིགས་ལྔའི་ཆས་རྒྱན་གྱི་ཚུལ་དུ་གསོལ་གྱི་ཡོད། རྒྱུ་ནི་གདན་གཞི་འཐོབ་ཆེ་བའི་རས་དང༌། འདབ་མ་རྣམས་ནི་རིན་པོ་ཆེ་གསེར་དང་དངུལ་སོགས་གང་འགྲུབ་བྱ། དེའང་བརྡ་དོན་ནི། རིགས་ལྔ་ཞེས་འདབ་མའི་གུར་ཁྱིམ་ནང་དུ་ཕྱི་ལྟར་འབྱུང་བ་ལྔ་ལ་དབང་བསྒྱུར་བའི་དོན་དུ་ས་བོན་དཔའ་བོ་འབྲུ་ལྔ་དང༌། ནང་ལྟར་དུག་ལྔའི་ས་བོན་བཅོམ་པའི་དོན་དུ་ཡེ་ཤེས་ལྔ་ཡི་སྙིང་པོ་དང༌། གསང་བ་ལྟར་སྐུ་ལྔ་ལྷུན་ལ་རྫོགས་པའི་དོན་དུ་རིགས་ལྔ་ལྷ་ཡི་ཟུང་འཇུག་འབྲི་ལ། དེའང་དཔེར་ན། ཨཱོྃ་ཡཾ་རྃ་ཁཾ་སྲུྃ་དང༌། ཡང་ན་ཨ་ཨཱོྃ་ཧཱུྃ་རྃ་ཛ་གང་རུང་འབྲི་དགོས། མདོར་ན་རིགས་ལྔ་ལྷ་ཡི་བརྡ་རྟགས་ཡིན་པས་ན་དེ་ལྟར་བྱའོ། །ཞེས་འཁོད་པ་ལྟར་ཡིན་ལ་ད་དུང་བོན་ཞྭ་གཞན་ཡང་ཡོད་སྲིད་པ་ཡིན་སྟབས་དེ་ལུགས་རྗེས་སུ་རིམ་པར་ངོ་སྤྲོད་ཞུ་ཆོག །