གཡུང་དྲུང་བོན་གྱི་ལུགས་ལ་གར་ཤོན་སྐོར་ཇི་ལྟར་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྔོན་སྟོན་པ་ཞལ་བཞུགས་པའི་སྐབས་སུ་གར་འཆམ་སྣ་ཚོགས་ཡོད་པར་སྣང་སྟེ། ལུང་ལས། ལ་ལས་ལྷ་མོ་འཛུམ་གར་བྱེད། །ལ་ལས་རྟ་མཆོག་འཆམ་གར་བྱེད། །ཅེས་དང་། ལ་ལས་སྒོང་རྩེད་མེ་ཏོག་འཐོར། །སོགས་གསུངས་པར་བརྟག་ན་གར་གྱི་དབྱེ་བ་གྲངས་མང་ཞིག་ཡོད་པར་མཐོང་། ཕྱིས་སུ་བོན་ལུགས་ཀྱི་དགུ་དུས་མཆོད་ཁག་ཏུ་གར་འཆམ་གནང་ཚུལ་ཡོད་པ་ཁག་ནི། ཡོངས་གྲགས་མ་རྒྱུད་ཚོགས་འཆམ་དང་། སྲིད་རྒྱལ་དུས་དྲུག གཤེན་རབ་དགུ་འཆམ། གཟེ་མ་དགུ་འཆམ། ཁྱུང་རྩེད་སོགས་མང་པོ་ཞིག་མཆིས།
ཤོན་ནི་གཡུང་དྲུང་ཤོན་རྩེད་དེ་ཐུན་མིན་གཡུང་དྲུང་བོན་དང་འབྲེལ་བའི་ཞང་ཞུང་གི་བྲོ་གར་ཞིག་ཡིན། འདི་ཉིད་འཁྲབ་སྐབས་ངེས་པར་དུ་བོན་སྐོར་དུ་འགྲོ་དགོས་པས་ན་གཡུང་དྲུང་དང་། ཤོན་ནི་ཞང་སྐད་དེ་གར་རྩེད་དང་འདྲ། འདི་ལ་ཡ་པ་ཡ་མ་དང་། གར་ཤོན། དར་ཤོན། གར་མ་ཤོན་སོགས་དབྱེ་བ་ཡོད་པར་མཁས་པ་རྣམས་ཀྱིས་བཞེད། །