གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ཕྱོགས་བསྡུའི་གཅིག་འགྱུར་ཡོང་ཐབས་སྐོར་གྱི་བསམ་འཆར།
ལག་བསྟར་བ། དོ་དམ་པ། · ཟླ་ལྔ་པ། 9, 2017
རྩོམ་བྲིས་པ། དགེ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན།
གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ཕྱོགས་བསྡུའི་གཅིག་འགྱུར་ཡོང་ཐབས་སྐོར་གྱི་བསམ་འཆར།
ད་ལན་དམུ་རིགས་གཤེན་གྱི་གདུང་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་གིས་དེང་བསྟན་པ་དང་རིག་གཞུང་ཉམས་གསོ་ཆེད། ཐུགས་ཁུལ་དང་ལྷག་བསམ་ཅན་ཚོས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་པར་ཐེངས་གང་མང་བཏབ་དང་འདེབས་བཞིན་པ་འདིར་མ་འོངས་མི་རེའི་ལུགས་རེ་མི་འབྱུང་བའི་ཆེད། གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ཚད་ལྡན་གཅིག་གྱུར་ཞིག་ཡོང་ཐུབ་ཐབས་འབེད་དགོས་པར་བཀའ་སློབ་གནང་བར་བརྟེན། བོན་གྱི་སྐྱེས་ཆེན་རིམ་བྱོན་རྣམས་ཀྱིས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་བསྡུ་བསྒྲིགས་དང་པར་བསྐྲུན་གནང་ཟིན་པ་རྣམས་ཀྱི་བསྡོམས་གྲངས་གང་རྙེད་འགའ་གླེང་བར་འདོད།
རྩིས་བྱང་དང་དཀར་ཆག་སྐོར།
འདིར་ད་ལན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བྱུང་རབས་དང་། བཀའ་དང་བཀའ་བརྟེན་གྱི་དབྱེ་བ་སོགས་གླེང་རྒྱུ་མིན་ལ། དེའི་སྐོར་ཞིབ་ཕྲ་གཟིགས་འདོད་ཡོད་མཁན་ཚོས་ཧྥ་རན་སིའི་༧གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་རིན་པོ་ཆེས་བརྩམས་པའི་དེབ་ཐེར་ (གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་བྱུང་རིམ་ཟུར་གནས་དགྱེས་པའི་མཆོད་སྤྲིན།) ཞེས་པར་གཟིགས་རོགས། འདིར་ད་ལན་བོན་གྱི་བཀའ་འགྱུར་རིན་པོ་ཆེའི་རྩིས་བྱང་དཀར་ཆག་དང་པོད་གྲངས་གང་མཇལ་བ་རྣམས་ཅུང་ཙམ་གླེང་ན།
ཐོག་མར་ཕྱི་ལོ་ ༡༠༡༧ ནང་གཤེན་ཆེན་ཀླུ་དགས་ (༡༩༤ -༡༠༣༤ ) བོན་གཏེར་བཞེས་ནས་གཏེར་གྱི་རྩིས་བྱང་ཁོང་གི་སློབ་རྒྱུད་རྣམས་ལ་སྤེལ་བའི་ལོ་རྒྱུས་ཡོད་པ་ལྟར་ན། སྐབས་དེར་ཁོང་གིས་བཞེས་པའི་བོན་གཏེར་གཙོར་བཞག་ནས་མདོ་འབུམ་རྒྱུད་མཛོད་ཀྱི་རྩིས་ཐོ་ལྟ་བུ་ཞིག་མཛད་ཡོད་སྲིད་པར་སྙམ། དེ་ལྟ་བུ་གཏེར་བྱང་གཞན་ཞིག་ནི་ཕྱིས་སུ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་ (༡༢༣༧- ) གྱིས་བསྒྲིགས་པའི་གཏེར་གྱི་ཁ་བྱང་ལྟ་བུ་རེད།
བོད་ཡུལ་འདིར་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་ཅེས་མཚན་བཏགས་པའི་ཐོག་མ་ནི་༧རྒྱལ་དབང་ཀུན་གྲོལ་གྲགས་པ་འཇའ་ཚོན་སྙིང་པོ (༡༧༠༠-༡༧༦༦) མཆོག་གིས་བརྩམས་པའི་ (ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར།) ཞེས་པ་དེ་རེད། སྐབས་དེར་རྒྱལ་རོང་ཆུ་ཆེན་དང་ཁྲོ་སྐྱབས་རྒྱལ་པོ་སོགས་ཀྱིས་སྦྱིན་བདག་མཛད་ནས་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ཟངས་པར་དང་ཤིང་པར་བཅས་བརྐོས་མཛད་པར། ཀུན་གྲོལ་གྲགས་པས་སྐབས་དེའི་པར་ཤིང་གི་རྩིས་བྱང་སྟེ་ཕྱི་ལོ་ ༡༧༦༦ ཁོང་སྐུ་གཤེགས་ལོ་དེར་ (པར་གྱི་དཀར་ཆག་སྲིད་པའི་སྒྲོན་མེ།) ཞེས་པ་ཞིག་ཀྱང་མཛད་ཡོད་པར་མཁས་དབང་མཁར་རྨེའུ་མཆོག་གིས་བཞེད།
དེ་རྗེས་༧སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་ (༡༨༡༣-༡༨༧༠) མཆོག་གིས་བརྩམས་པའི་ (གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་གྱི་དཀར་ཆག་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་པའི་ཉིན་བྱེད།) ཅེས་པ་དེ་ཡིན། ཁོང་གིས་སྔགས་སེམས་སྡེ་ཚན་དབྱེ་སྟངས་སྐབས་སུ་འགའ་ཞིག་ལ་དགག་པ་མཛད་པ་ནི་ཕལ་ཆེར་རིག་འཛིན་ཀུན་གྲོལ་གྲགས་པའི་དཀར་ཆག་དེར་ཡིན་པར་སྙམ་སྟེ། དེའི་གོང་དུ་བཀའ་འགྱུར་གྱི་དཀར་ཆག་ཀུན་གྲོལ་ཅན་ལས་གཞན་མེད།
དེ་རྗེས་ཕྱི་ལོ་ ༡༨༨༠ ལོར་བདུད་འདུལ་སྤྲུལ་སྐུའམ་གཡུང་དྲུང་ཚུལ་ཁྲིམས་དབང་གྲགས་ཀྱིས་བརྩམས་པའི་(རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་བྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལ་དཀར་ཆག་བློའི་ཐ་རམ་བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག) ཅེས་པ་དེ་ཡིན།
དེ་རྗེས་ཕྱི་ལོ་ ༡༩༣༣ ཡས་མས་ནང་སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན་ ( ༡༨༩༧-༡༩༥༩ ) གྱིས་ (སྐུ་གསུམ་སྟོན་པའི་གསུང་རབ་བཀའ་འགྱུར་རིན་པོ་ཆེ་ལུང་རྒྱུད་ཇི་སྙེད་པ་ཕྱོགས་གཅིག་ཏུ་བསྡུས་པའི་བཞུགས་བྱང་བརྒྱུད་རིམ་དང་བཅས་པ་དྲི་མེད་ཤེལ་གྱི་ཕྲེང་བ།) ཞེས་པ་བརྩམས།
དེ་རྗེས་ཕྱི་ལོ་ ༢༠༠༣ ལོར་༧སྨན་རིའི་དཔོན་སློབ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ (༡༩༢༦ ) མཆོག་གིས་རྩམས་པའི་ (གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་གོ་རིམ་བསྒྲིགས་ཚུལ་གཤེན་བསྟན་པད་ཚལ་རྒྱས་པའི་ཉི་མ།) ཞེས་པ་དེ་དག་ཡིན་ནོ།།
པོད་བསྡོམས་གྲངས།
སྤྱིར་བཏང་པར་མ་ནི། ད་བར་མཐོང་ཐོས་བྱུང་བ་དང་གྲུབ་ཟིན་པ་ཤིང་པར་རྒྱལ་རོང་ཆུ་ཆེན་པར་མའམ་ཟངས་པར་མ། ཁྲོ་ཆེན་པར་མ། འཕྲུལ་པར་ཨ་གཡུང་པར་མ། བོན་སློབ་པར་མ། ལྷ་སྲས་པར་མ། སྟེང་དགོན་པར་མ་བཅས་སོ།།
གོང་གི་རེའུ་མིག་ནང་བཀའ་འགྱུར་གཅིག་པུར་མ་ངེས་པ་ནི་བདུད་འདུལ་སྤྲུལ་སྐུའི་དཀར་ཆག་ལྟར་ཡིན། དེ་མིན་སྤྲུལ་སྐུ་བོན་སློབ་ནམ་མཁའ་བསྟན་འཛིན་གྱི་པར་མ་ནི་ཨ་གཡུང་རིན་པོ་ཆེའི་པར་མའི་ཐོག་པོད་ ༣༧ བསྣན་ཡོད་ཚུལ་འདུག སྟབས་བདེའི་ཆེད་རེའུ་མིག་ནང་པར་དུ་བསྐྲུན་མཁན་གྱི་མཚན་གནས་ཆ་ཚང་བྲིས་མེད་པས་དེ་ལུགས་ཚང་མས་མཁྱེན་དགོས། དེ་བཞིན་པར་དུ་སྐྲུན་བཞིན་པ་ཁག་གི་པོད་གྲངས་ཀྱང་རེ་ཞིག་འགོད་ཐབས་བྲལ།
བོད་རིག་པའི་མཁས་པ་རྣམས་ཀྱིས་འདིའི་སྐོར་གཟིགས་ཚུལ།
སྤྱིར་བཏང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པོད་གྲངས་འདི་ཞེས་པ་ཞིག་ད་ལྟར་བར་མ་བརྙེད་ལ། ཀུན་གྲོལ་གྲགས་པའི་དཀར་ཆག་གི་ཟུར་སྦྱར་དཔེ་རྩིས་མུན་སེལ་སྒྲོན་མའི་ནང་བོན་གཏེར་རྡོལ་ནས་ཁྱུང་པོ་བློ་གྲོས་རྒྱལ་མཚན་བར་བོན་དཔེ་གྲངས་དགུ་བརྒྱ་ཡས་མས་ཞིག་བཞུགས་ཡོད་པར་བཤད།
མཁས་དབང་སྟོང་སྐོར་ཚེ་རིང་ཐར་གྱིས་ཕྱི་ལོ་ ༡༩༥༨ གོང་དུ་བོད་ཡུལ་དུ་བོན་གྱི་བཀའ་འགྱུར་བྲིས་མ་ ༣༠ ཡས་མས་ཞིག་ཡོད་པའི་དཔང་རྟགས་རྙེད་ཐུབ་ཚུལ་ཞིག་ཀྱང་གསུངས་ཡོད།
དེ་མིན་ཕྱི་རྒྱལ་མི་སྣས་ཀྱང་བོན་གྱི་བཀའ་བརྟེན་འགྱུར་སྐོར་ཉམས་ཞིབ་དང་ཐུགས་སྣང་མཛད་ཡོད་ལ། དཔེར་ན། ནུབ་ཕྱོགས་ཁུལ་དུ་སྐད་གྲགས་ཅུང་ཡོད་ལ་བོད་པའི་ཆོས་རིག་སྐོར་ཉམས་ཞིབ་བྱེད་མཁན་ཐོག་མའི་གྲལ་མཁས་དབང་ནི་ཀོ་ལཱས། རོ་རིག (Nicholas Roerich 1874-1947) གིས་ཁམས་ནག་ཆུའི་ཁུལ་བོན་དགོན་ཞིག་ནས་བོན་གྱི་བཀའ་འགྱུར་བྲིས་མ་འབོལ་ཆེན་ཞིག་རིག་མྱོང་བའི་གཏམ་ཟུར་ཙམ་ལས་དེའི་སྐོར་གསལ་པོ་དེ་ཙམ་མེད།
དེ་དང་འདྲ་བར་ནུབ་ཕྱོགས་པའི་མཁས་དབང་ཕེར། ཁི་ཝེར་ནེ། (Per Kværne ) མཆོག་གིས་མཁན་ཆེན་ཉི་མའི་བཀའ་འགྱུར་གྱི་དཀར་ཆག་དབྱིན་བསྒྱུར་མཛད་ནས་བོན་གྱི་བཀའ་འགྱུར་སྐོར་དཔྱད་ཞིབ་གནང་ཡོད་པ་ལྟར་བོན་གྱི་བཀའ་འགྱུར་ཞེས་སྡེ་ཚན་ཅན་ནི་དུས་རབས་བཅོ་ལྔ་པའི་དཀྱིལ་སྨད་ཙམ་དུ་གཞི་ནས་བྱུང་བར་སྨྲས། དེ་བཞིན་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་གིས་ཀྱང་ཀུན་གྲོལ་གྲགས་པའི་དཀར་ཆག་དང་མཁན་ཉི་མའི་ཅན། བདུད་འདུལ་སྤྲུལ་སྐུའི་ཅན་སོགས་ལ་ཞིབ་དཔྱད་གནང་མྱོང་ཡོད། ད་དུང་ཌན། མར་ཊིན། (Dan Martin) ཁུརཊི། ཁོ་ཟར། (Kurt Keutzer,) ཉི་ཧོང་བོད་རིག་པའི་ཞིབ་འཇུག་མི་སྣ་སོགས་ཕྱིས་བྱུང་མཁས་པ་མང་པོ་ཞིག་གིས་བོན་གྱི་བཀའ་འགྱུར་སྐོར་གླེང་བ་ནི་མང་ཕལ་ཆེར་ཀུན་གྲོལ་ལྷ་སྲས་པར་མ་གཞི་བཞག་ཐོག་དཔྱད་ཡོད།
བོན་གྱི་བཀའ་འགྱུར་རིན་པོ་ཆེའི་གཅིག་འགྱུར་ཡོང་ཐབས་སྐོར་རང་གི་བསམ་ཚུལ།
༡) གོང་ཞུས་ལྟར་ད་ལན་དམུ་རིགས་གཤེན་གྱི་གདུང་སྲས་རིན་པོ་ཆེས་སྐབས་བབས་དུས་ཆར་ཞིག་ལ་གཟིགས་ཏེ་བཀའ་སློབ་འདི་ལྟར་གནང་བ་ནི། ང་ཚོས་བཀའ་སློབ་འདི་ངེས་པར་བདག་ཉར་དང་བྱ་བ་འདིར་གང་མགྱོགས་མགྱོགས་འཇུག་ཐུབ་པའི་འབད་བརྩོན་བྱ་དགོས་འདུག་སྙམ། མཛད་པ་ཆེན་པོ་འདི་ལྟ་བུ་མི་འགའ་ཤས་ཞིག་གིས་ཟླ་ཤས་རིང་བྱ་རྒྱུ་ཞིག་གཏན་ནས་མིན་པར་སོང་། བོད་ཡུལ་སྟོད་སྨད་དབུས་གསུམ་དང་། རྒྱ་བལ་ཕྱི་གླིང་སོགས་སུ་བཞུགས་པའི་བླ་སྤྲུལ་དགེ་བཤེས་རྣམ་པས་ཐུགས་དགོངས་མཉམ་མཐུན་ཐོག དུས་རབས་དང་མཚམས་པའི་གཡུང་དྲུང་བོན་གྱི་བཀའ་བསྡུའི་ཆེད་ཚོགས་པ་གསར་དུ་འཛུག་པའམ་ཡང་ན། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ལྟ་བུས་གཙོ་འགན་བཞེས་ནས་ནང་གསེས་ཚོགས་མི་བསྐོ་བཞག་གནང་རྒྱུ།
༢) ཚོགས་པ་དེས་༧བོན་འབངས་ཡོངས་ཀྱི་གཙུག་གི་ནོར་བུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་གཤེན་སྲས་རིན་པོ་ཆེ་གཙོར་བྱས་པའི་སྐྱེས་ཆེན་རྣམ་པར་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ཞུ་རྒྱུ་དང་། ཚོགས་པ་དེར་སེར་མོ་བའི་སྡེ་ཁོ་ན་མིན་པར་བསྟན་ལ་ལྷག་བསམ་དཀར་བའི་དད་སྦྱིན་གྱི་སྡེ་དང་། དེང་རབས་ཤེས་ཡོན་གྱིས་ཕྱུག་པའི་ན་གཞོན་བློ་གསལ་གྱི་སྡེ་སོགས་ངེས་པར་དུ་ཡོད་དགོས། དེའང་ཚོགས་མི་རྣམས་ཀྱིས་ལས་བགོས་ཐོག་ཕྱག་ལས་གནང་རྒྱུ་དང་། དུས་ཚོད་གཏན་འབེབ་ཐོག་ལས་དོན་རྣམས་མཇུག་གྲུབ་རྒྱུ་ཡོད་དགོས་པ། ལས་གཞི་འདིར་དངས་བླང་བ་ཡོད་ནའང་ཚོགས་པས་བདག་ཉར་ཐོག་ཚོགས་མི་སྤྱི་མཚུངས་ལྟར་གཟིགས་རྟོག་གནང་རྒྱུ།
༣) འཛམ་གླིང་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བཞིན་པའི་དུས་རབས་འདིར་ལྷག་བསམ་དང་བརྩོན་པ་ཇི་ལྟར་ཆེ་ཡང་བྱ་བ་ཆེ་ཕྲ་གང་ལའང་དཔལ་འབྱོར་མེད་ན་ནུས་མེད་ཡིན་སྟབས། ལས་གཞི་འདིར་ཆེད་དུ་དམིགས་ཏེ་དཔལ་འབྱོར་བསྡུ་རུབ་ཀྱི་ལས་མི་འཇོན་ཐང་ཅན་སོགས་བསྐོ་བཞག་གནང་རྒྱུ།
༤) ཇི་ལྟར་དཔེ་བསྡུར་དང་བསྡུ་རུབ་སྐོར་ལ། ད་བར་མཇལ་ཡུལ་དུ་གྱུར་པའི་བཀའ་འགྱུར་དཀར་ཆག་རྣམས་ལས་སྤུས་དག་ཤོས་ནི་༧མཁན་ཆེན་ཉི་མའི་ཅན་འདི་མཐོང་སོང་བས་ཅི་སྟེ་རྒྱལ་བའི་བཀའ་སྨར་དག་པ་ཞིག་མདོ་འབུམ་རྒྱུད་མཛོད་སོགས་སུ་འཕྱེ་ནས་བསྒྲིགས་དགོས་ན་གཞི་འདི་ཉིད་ལ་བཟུང་རྒྱུ། རྒྱུ་མཚན་གཅིག་ནི། ཁོང་གིས་བསྒྲིགས་པའི་དཀར་ཆག་དེ་ནི་རྩ་བའི་རྒྱལ་བ་༧སྨན་རི་བའི་མཁན་རབས་གོང་མ་རྣམ་པའི་དགོངས་པ་འཁྲུལ་མེད་ཡིན་པར་གསུངས་པ་དང་། གཉིས་ནས་རྩིས་བྱང་བསྒྲིགས་ཚུལ་དེར་མགོ་རྙོག་དེ་ཙམ་མེད་པས་ཆེས་སྟབས་བདེ་ཅན་ཞིག་རེད། དཀར་ཆག་དེར་གཞི་བཟུང་སྟེ་ག་རྒྱའི་བྲིས་མའམ་ཉག་རོང་དབལ་ཁྱུང་དགོན་གྱི་དཀར་འགྱུར་དེ་ཉིད་ལས་ད་ལྟའི་ཆར་རྒྱལ་བའི་བཀའ་རིན་པོ་ཆེ་མཚན་ཉིད་དང་ལྡན་པའམ་སྨར་དག་པ་གང་ལྷག་ཡོད་པ་རྣམས་གཞི་ལ་འཇོག་ནས་ཁ་སྣོན་འཚོལ་སྒྲུབ་བྱ་རྒྱུ།
༥) བོད་ཡུལ་སྟོད་སྨད་གང་ས་དང་། རྒྱ་བལ་ཕྱི་གླིང་གང་སར་བཞུགས་པའི་བླ་སྤྲུལ་དགེ་བཤེས་རྣམ་པས་དངས་བླང་ངམ་ཡང་ན་ལས་བགོས་ཐོག་གོང་གི་མཁན་ཆེན་ཉི་མའི་དཀར་ཆག་སོགས་ཀྱི་ནང་དུ་མ་གསལ་བའི་བཀའ་འགྱུར་རིགས་སྒེར་བདག་གྲོང་མི་དང་ཡུལ་འབྲེལ་དཔེ་མཛོད་ཁང་སོགས་ནས་འཚོལ་སྒྲུབ་དང་རྩད་གཅོད་གནང་རྒྱུ།
༦) གཏེར་མའི་སྐོར་གླེང་སྐབས་རང་བཞིན་ཕྱིས་བྱུང་གཏེར་གསར་སྐོར་སླེབས་ཡོད་ལ། རྙོག་གྲ་ཚ་ཤོས་ཟེར་ནའང་འདྲ་མགོ་རྙོག་ཤོས་ཞིག་ནི་སྤྲུལ་སྐུ་རྣམ་བཞི་དང་འབྲེལ་བའི་སྐོར་དེ་ཚོ་རེད། སྤྲུལ་སྐུ་བློ་ལྡན་སྙིང་པོར་སྙན་དུ་བརྒྱུད་པའི་མདོ་དྲི་མེད་སོགས་ནི་རྩ་བའི་སྟོན་པ་རང་གིས་གསུངས་པའམ་ཁོང་གི་རྣམ་ཐར་ལྟ་བུར་སོང་བཀའ་ཡི་ཁོངས་སུ་བསྡུས་ཡོད་པར་སྙམ་ཡང་། ད་དུང་གཞན་དེ་དང་འདྲ་བར་ཤིན་ཏུ་ནས་མང་ལ། འདི་ཚོའི་སྐོར་བཀའ་ཡི་ཁོངས་སུ་གང་འདུ་དང་གང་མི་འདུ་སོགས་ངེས་པར་དུ་དག་ཐེར་གཏོང་དགོས་ཡོང་སྟབས། འདི་རིགས་དགོན་གནས་ཡུལ་སྡེ་བླ་རབས་དང་འབྲེལ་བའི་སྐྱ་སེར་བླ་སྤྲུལ་ཚང་མས་དང་ཐོག་ནས་བསྟན་པ་སྤྱི་ལ་དགོངས་ནས་ཐུགས་རྒྱ་ཡངས་པོ་གནང་དགོས་པ་ནི་ལས་དོན་འདིར་རྩ་བའི་གནད་དོན་གལ་ཆེན་ཞིག་རེད་དྲན།
༧) དང་ཐོག་བརྡ་དག་གོ་དོན་དང་ལྷག་ཆད་སྣོན་འཕྲི་སོགས་ལ་དཔེ་མེད་ཁག་པོ་ཡོང་སྲིད་ཀྱང་རྩ་བའི་ད་ལྟའི་ཆར་རྒྱལ་ཕྱི་ནང་གང་སར་མཁས་དབང་བླ་སྤྲུལ་དགེ་བཤེས་མང་དག་ཅིག་བཞུགས་བཞིན་ཡོད་སྟབས་ལས་ཀའི་རྒྱུད་རིམ་དང་ཉམས་མྱོང་ཁྲོད་རིམ་པར་དཀའ་ངལ་དེའི་རིགས་སེལ་ཐུབ་ཀྱི་རེད་དྲན། དེའང་ཞང་བོད་ཀྱི་བརྡ་རྙིང་པ་རྣམས་རང་སོར་འཇོག་ཐོག བསྐུང་ཡིག་དང་གནའ་རབས་བྲིས་པ་ཚོས་འབྲི་སྲོལ་ཡོད་པའི་བརྡ་ཆད་རིགས། དེ་བཞིན་དོན་གཅིག་ལ་ཡུལ་ལུང་གི་མིང་བརྡ་བརྗོད་ཚུལ་མི་འདྲ་ཡོད་པ་ཁག་ནི་རང་སོར་འཇོག་དགོས། དེ་མིན་ཡོངས་གྲགས་ཞང་བོད་ཀྱི་སྐད་བརྡ་དང་འགལ་བའམ་དོན་ཕྱིན་ཅི་ལོག་ཏུ་གོ་སྲིད་པའི་རིགས་ནི་ངེས་པར་དུ་བཅོས་འོས།
༨) གྲོང་ཁྱིམ་དང་དགོན་གནས་ཡུལ་འབྲེལ་དཔེ་ཁང་སོགས་ནས་འཚོལ་བསྡུད་ཟིན་པའི་དཔེ་ཁུངས་རྣམས་པར་སློག་འདེབས་ཏེ་བེད་སྤྱོད་དགོས་པ་ལས། མ་དཔེ་རྙིང་པ་རིགས་ལ་གང་བྱུང་རྟགས་རིས་འདེབས་པའམ་ཡང་ན་དོ་བདག་རང་ཉིད་ལ་ཕྱིར་སློག་མི་བྱ་བའི་རིགས་མི་ཆོག་པ་དང་། མ་ཟད་སྒེར་གྱི་དཔལ་འབྱོར་མཁོ་སྒྲུབ་ཆེད་བེད་སྤྱོད་མི་བྱ་བའི་ཕྱིར་དོ་བདག་དང་འཚོལ་སྒྲུབ་མཁན་བར་ལ་གན་རྒྱ་འཇོག་དགོས།
༩) དཔེ་བསྡུར་གནང་སའི་དཔེ་ཁུངས་ཇི་ཙམ་བརྙེད་ནའང་། དེ་དག་དང་གཞིར་བཟུང་བཟོ་བཅོས་བསྣོན་འཕྲི་གང་བྱས་རྣམས་མ་འོངས་ཞིབ་འཇུག་མི་སྣའམ་དོན་གཉེར་ཅན་ཚོའི་ཆེད་ཟུར་དུ་རྩིས་བྱང་བཟོ་རྒྱུ། རྗེས་སུ་རིམ་པར་རྒྱལ་བའི་བཀའ་སྐོར་གྱི་དཔེ་རྙིང་རིགས་བརྙེད་སྲིད་སྟབས་དེ་དག་རིམ་པར་མདོ་འབུམ་རྒྱུད་མཛོད་གང་གི་ཆར་གཏོགས་ནའང་རིམ་པར་འཇུག་ས་ཡོད་པའི་ས་མིག་བསྐྲུན་དགོས་པ་སོགས་ཡིན།
ད་ལན་གཤེན་སྲས་རིན་པོ་ཆེའི་གལ་ཆེའི་བཀའ་སློབ་ལམ་སྟོན་འདིར་སྣང་མེད་དུ་མི་འགྲོ་བའི་ཆེད་སོ་སོ་རང་ཉིད་ཨབ་བྲ་ཆུང་ཡང་གཟུགས་བཞི་ཚང་ཞེས་པའི་དཔེ་ལྟར། བསྟན་པ་འདིའི་གྲལ་མཐར་འཚང་བའི་དགེ་མིང་འཛིན་པ་ཙམ་གྱི་འགན་ཁྲི་ཞིག་ཏུ་སེམས་ཏེ་བསམ་ཚུལ་འདི་ཞུས་པ་ལས། སྐབས་འཚོལ་དང་ཟིང་སློང་བ་ནི་ནམ་ཡང་མིན་པས་དེ་ལུགས་ཚང་མས་ཐུགས་ལ་འཇགས་རོགས་ཞུ། ཞུ།
ཞེས་དགེ་མིང་ཙམ་འཛིན་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས ༤ ཉིན་ནུབ་ཕྱོགས་ཡུལ་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་གཟའ་མཇུག་གུང་གསེང་ཉིན་བྲིས།། །།