གཡུང་དྲུང་བོན་གྱི་གྲུབ་མཐའ་དེ་ཕྱི་ནང་གང་དུ་གཏོགས་སམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། གུང་སངས།
དྲི་བ། གཡུང་དྲུང་བོན་གྱི་གྲུབ་མཐའ་དེ་ཕྱི་ནང་གང་དུ་གཏོགས་སམ།
ལན། ཕྱི་ནང་གི་གྲུབ་མཐའ་ཁྱད་པར་ཕྱེ་སྐབས་སུ་རྒྱུད་ཡེ་ཁྲི་ལ་བཟླའི་བམ་པོ་ལས། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས། །ཕྱི་རོལ་ནང་པའི་ཁྱད་པར་འབྱེད་པ་ཡིན། །ཞེས་གསུངས་པ་ལྟར། སྟོན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་གཙོས་བསྐལ་སྟོང་གི་སངས་རྒྱས་སྟོང་རྩ་གཉིས། ལྟ་བ་ནི་བོན་ཐམས་ཅད་བདག་མེད་པ། སྤྱོད་པ་ནི་གཞི་སྙིང་རྗེ་ཆེན་པོས་ཀུན་ནས་སློང་པ། འབྲས་བུ་ནི་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་ཞིག་ལ་འདོད།
དེའང་སྟོན་པ་གཤེན་རབ་མི་བོའི་ཞལ་ནས། བོན་གྱི་མདོ་བཞི་ཁས་ལེན་པ་ནང་བ་གཤེན་རབ་པ་ཡིན་ལ། དེ་བཞི་ཁས་མི་ལེན་པ་ནི་མུ་སྟེགས་པའོ། །ཞེས་གསུངས་པའི་བོན་གྱི་མདོ་བཞི་ནི། རིག་པའི་རྩེ་འབུམ་ལས། འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བའོ། །བོན་ཐམས་ཅད་ཀྱི་མདོ་བདག་མེད་པའོ། །ཞེས་གསུངས་སོ།། །།